༢༨
དེ་ནས་ཨི་སཱག་གིས་ཡ་ཀོབ་བོས་ནས་བྱིན་རླབས་བཏང་བ་དང་། ཁྱོད་ཀ་ན་ཨན་ཡུལ་གྱི་བུ་མོ་རྣམས་ནས་ཆུང་མ་མ་ལེན།  ལོངས་ལ་ཕ་དན་ཨ་རམ་ཡུལ་དུ་ཁྱོད་ཀྱི་མའི་ཕ་བེ་ཐུ་ཨེལ་གྱི་ཁང་པ་ལ་སོང་ཞིག་དང་། ཁྱོད་ཀྱི་མའི་མིང་པོ་ལ་བན་གྱི་བུ་མོ་རྣམས་ནས་གཅིག་ཆུང་མར་བློངས་ཤིག  ཡང་དཀོན་མཆོག་ཀུན་དབང་གིས་ཁྱོད་ལ་བྱིན་རླབས་མཛད་དེ་ཁྱོད་བརྒྱུད་ཅན་དུ་གྱུར་ནས་མི་བརྒྱུད་ཀྱི་ཚོགས་ཆེན་པོར་འགྱུར་བ་ཙམ་དུ་འཕེལ་བར་ཤོག་ཅིག  ཡང་ཁོང་གིས་ཨབ་ར་ཧམ་ལ་གནང་བའི་བྱིན་རླབས་དེ་ཁྱོད་བུ་བརྒྱུད་དང་བཅས་པ་ལ་གནང་སྟེ། དཀོན་མཆོག་གིས་ཨབ་ར་ཧམ་ལ་གནང་བའི་ཡུལ་འདི་ན་ཁྱོད་མི་ཡན་ལྟར་གནས་ཀྱང་། ཡུལ་འདི་ཁྱོད་ཀྱི་དབང་དུ་གནང་བར་ཤོག་ཅིག  ཞེས་སྨྲས་ནས་ཨི་སཱག་གིས་ཡ་ཀོབ་བཏང་བ་དང་། ཁོ་ཨ་རམ་པ་བེ་ཐུ་ཨེལ་གྱི་བུ་ཡ་ཀོབ་དང་ཨེ་སབ་ཀྱི་མ་རིབ་ཀཱའི་མིང་པོ་ལ་བན་གྱི་རྩར་ཕ་དན་ཨ་རམ་ཡུལ་དུ་སོང་ངོ་༎
 ཨི་སཱག་གིས་ཡ་ཀོབ་ལ་བྱིན་རླབས་བྱས་ནས་ཕ་དན་ཨ་རམ་ཡུལ་ནས་ཆུང་མ་ཞིག་ལེན་པའི་ཕྱིར་དེ་རུ་བཏང་བ་དང་། བྱིན་རླབས་བྱས་ནས་ཁྱོད་ཀྱིས་ཀ་ན་ཨན་པའི་བུ་མོ་རྣམས་ནས་ཆུང་མ་མ་ལེན་ཞིག་ཅེས་བསྒོ་བ་དང་།  ཡ་ཀོབ་ཀྱིས་ཕའི་བཀའ་ལ་ཉན་ཏེ་ཕ་དན་ཨ་རམ་ཡུལ་དུ་སོང་བ་དེ་ཚང་མ་ཨེ་སབ་ཀྱིས་མཐོང་ནས།  ཀ་ན་ཨན་གྱི་བུ་མོ་ཕ་ལ་སྐྱོ་བའི་རྒྱུར་གྱུར་བ་ཨེ་སབ་ཀྱིས་ཀྱང་མཐོང་ནས།  ཨེ་སབ་་ཨིས་མ་ཨེལ་གྱི་དྲུང་དུ་སོང་སྟེ་རང་ལ་ཡོད་པའི་ཆུང་མ་རྣམས་མ་གཏོགས་པར་ཨབ་ར་ཧམ་གྱི་བུ་ཨིས་མ་ཨེལ་གྱི་བུ་མོ་ནེ་བཱ་ཡོད་ཀྱི་སྲིང་མོ་མ་ཧ་ལད་བྱ་བ་ཞིག་ཡང་ཆུང་མར་བླངས་སོ༎
༡༠ ཡང་ཡ་ཀོབ་་བེ་ཨེར་ཤེ་བཱ་ནས་ཐོན་ནས་ཧ་རན་ཡུལ་དུ་འགྲོ་བའི་ཚེ། ༡༡ ཉི་མ་ནུབ་ཚེ་གནས་ཤིག་དང་ཐུག་སྟེ། དེ་རུ་དགོངས་ས་བྱས་ནས། གནས་དེར་ཡོད་པའི་རྡོ་རྣམས་ནས་གཅིག་མགོའི་འོག་ལ་བཞག་ནས་དེར་གཉིད་ལོག་པར་ཉལ་ལོ། ༡༢ ཁོས་རྨི་ལམ་རྨིས་ཏེ་ལྟོས་ཤིག སྐས་ཀ་ས་ལ་བཙུགས་པ་དེའི་རྩེ་མོ་ནམ་མཁའ་ལ་ཐུག་པ་ཞིག་མཐོང་། དེ་ལས་དཀོན་མཆོག་གི་ཕོ་ཉ་རྣམས་འཛེགས་པ་དང་འབབ་པར་མཐོང་། ༡༣ ཡང་ལྟོས་ཤིག སྟེང་ན་ཡ་ཧོ་ཝཱ་བཞེངས་ཏེ་བཞུགས་ནས་འདི་སྐད་དུ། ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་ཕ་ཨབ་ར་ཧམ་གྱི་དཀོན་མཆོག་དང་ཨི་སཱག་གི་དཀོན་མཆོག་ཡིན་ཏེ། ཁྱོད་ཉལ་བའི་ཡུལ་འདི་ངས་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ལ་གཏང་ངོ་། ༡༤ སའི་ཐལ་བ་ལྟར་ཁྱོད་ཀྱི་བུ་བརྒྱུད་སྤེལ་ཏེ་ནུབ་དང་། ཤར་དང་། བྱང་དང་། ལྷོ་ཕྱོགས་སུ་ཁྱོད་དར་བར་འགྱུར་བ་དང་། ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་ནས་མི་རབས་ཐམས་ཅད་ལ་བྱིན་རླབས་འབྱུང་བར་འགྱུར་རོ། ༡༥ ལྟོས་ཤིག ང་ཁྱོད་དང་འགྲོགས་ཏེ་ཁྱོད་གང་དུ་འགྲོ་ཡང་དེ་རུ་ཁྱོད་ལ་སྐྱབས་བྱེད་ཅིང་ཡུལ་འདི་རུ་ཕྱིར་འཁྲིད་པར་བྱ། ངས་ཁྱོད་ལ་སྨྲས་པ་བཞིན་དུ་མ་བྱས་པའི་བར་དུ་ཁྱོད་འབོར་བར་མི་བྱའོ་ཞེས་བཀའ་གནང་ངོ་། ༡༦ དེ་ནས་ཡ་ཀོབ་གཉིད་སད་ནས་སྨྲས་པ། ཡ་ཧོ་ཝཱ་འདི་ན་ངོ་ཐོག་བཞུགས་པ་ངས་མ་ཤེས་སོ། ༡༧ ཡང་འཇིགས་ཏེ། གནས་འདི་ནི་དམ་པའི་གནས་ཡིན་ཏེ། དཀོན་མཆོག་གི་བཞུགས་ས་དང་ནམ་མཁའི་སྒོ་ཡིན་སྨྲས་སོ༎
༡༨ ཡ་ཀོབ་ཐོ་རངས་ལངས་ཏེ་མགོ་སྔས་ལ་བཞག་པའི་རྡོ་ཁྱེར་ཏེ། རྟགས་སུ་བཙུགས་ནས་དེའི་ཁར་འབྲུ་མར་བླུགས་སོ། ༡༩ ཁོས་གནས་དེའི་མིང་བེད་ཨེལ་བཏགས་སོ། སྔོན་ལ་གྲོང་ཁྱེར་དེའི་མིང་ལུས་ཟེར་རོ། ༢༠ ཡང་ཡ་ཀོབ་ཀྱིས་དམ་བཅས་ཏེ། དཀོན་མཆོག་གིས་ང་དང་འགྲོགས་ཏེ་ང་འགྲོ་བའི་ལམ་ལ་ང་ལ་སྐྱབས་མཛད་ཅིང་། ཟ་བའི་ཕྱིར་ཟས་དང་གོན་པའི་ཕྱིར་གོས་སྦྱར་ནས། ༢༡ ཕའི་ཁང་པ་རུ་ཞི་བདེ་བར་ཕྱིར་ལོག་འོང་ན། དེ་ནས་ཡ་ཧོ་ཝཱ་ངའི་དཀོན་མཆོག་ཡིན་པར་འགྱུར་བ་དང་། ༢༢ རྟགས་སུ་བཙུགས་པའི་རྡོ་འདི་དཀོན་མཆོག་གི་མཆོད་ཁང་དུ་གྱུར་ནས། ཁྱེད་ཀྱིས་ང་ལ་གནང་བའི་ནོར་ཐམས་ཅད་ཀྱི་བཅུ་ཁག་ཁྱེད་ལ་འབུལ་བར་བྱའོ་ཞེས་ཞུས་སོ༎