༢༧
དེ་ནས་ཨི་སཱག་རྒས་ནས་མིག་ཤེད་ཤོར་བས་མིག་གིས་མི་མཐོང་བའི་ཚེ་བུ་ཆེ་བ་ཨེ་སབ་བོས་ནས་དེ་ལ། ངའི་བུ། དེ་ན་རེ་ང་འདི་རུ་ཡོད། ༢ ཡང་ཁོ་ལ་སྨྲས་པ། ལྟོས་ཤིག་ང་རྒས་ཏེ་ནམ་ཤི་ཆ་མེད། ༣ ད་ཁྱི་རའི་ལག་ཆ་མདའ་དོང་དང་གཞུ་ཁྱེར་ལ་ཐང་ལ་སོང་སྟེ་རི་དྭགས་ཤིག་བསད་ནས་ཁྱེར་ཤོག ༤ ང་ལ་མགུ་བའི་ཁ་ཟས་ཞིམ་པོ་ཞིག་གཡོས་ཏེ་ང་ལ་སྟེར་དང་། ངས་ཟོས་ནས་མ་ཤི་གོང་དུ་ངའི་སེམས་ཀྱིས་ཁྱོད་ལ་བྱིན་རླབས་བྱེད་པར་བྱ་ཞེས་སྨྲས་སོ༎༥ ཨི་སཱག་གིས་བུ་ཨེ་སབ་ལ་བྱས་པའི་གཏམ་དེ་རིབ་ཀཱས་ཐོས་སོ། དེ་ནས་ཨེ་སབ་རི་དྭགས་ཤིག་བསད་དེ་ཁྱོང་བའི་ཕྱིར་ཐང་ལ་སོང་ངོ་། ༦ རིབ་ཀཱས་བུ་ཡ་ཀོབ་ལ་འདི་སྐད་དུ། ཁྱོད་ཀྱི་ཕས་ཨ་ཇོ་ཨེ་སབ་ལ། ༧ རི་དྭགས་ཤིག་ཁྱེར་ཤོག་ལ་ཁ་ཟས་ཞིམ་པོ་གཡོས་ཤིག ངས་དེ་ལས་ཟོས་ནས་མ་ཤི་གོང་དུ་ངས་ཡ་ཧོ་ཝཱའི་ཞལ་ངོའི་དྲུང་དུ་ཁྱོད་ལ་བྱིན་རླབས་བྱེད་པར་བྱ་ཞེས་ཟེར་བ་ངས་ཐོས་སོ། ༨ ད་ངའི་བུ་ངའི་ཁ་ལ་ཉོན་ལ། ངས་ཁྱོད་ལ་ཟེར་བ་བཞིན་དུ་བྱོས་ཤིག ༩ ཁྱུ་ནང་སོང་ལ་དེའི་ནང་ནས་ར་གུ་བཟང་པོ་གཉིས་ཁྲིད་ཤོག་དང་། ངས་ཕ་ལ་མགུ་བའི་ཁ་ཟས་ཞིམ་པོ་ཞིག་གཡོ་བར་བྱ། ༡༠ དེ་ཁྱོད་ཀྱིས་ཕ་ལ་ཁྱེར་ཞིག་དང་། ཁོས་ཟོས་ནས་མ་ཤི་གོང་དུ་ཁྱོད་ལ་བྱིན་རླབས་བྱེད་ཡོང་། ༡༡ ཡ་ཀོབ་ཀྱིས་རང་གི་ཨ་མ་རིབ་ཀཱ་ལ། འོ་ན་ཨ་ཇོ་ཨེ་སབ་སྤུ་ཅན་ཡིན་ཏེ་ང་འཇམ་པོ་ཡིན། ༡༢ ཕས་ང་ལ་རེག་ལས་ཆེ། དེ་ནས་ཁོའི་མིག་གི་མདུན་དུ་ང་མགོ་སྐོར་མཁན་དུ་གྱུར་ཏེ། བྱིན་རླབས་ཤིག་མི་ཐོབ་པར་དམོད་པ་འཕོག་འོང་ཞེས་ཟེར་ཏོ། ༡༣ མ་ན་རེ། ངའི་བུ་ཁྱོད་ལ་འོང་བའི་དམོད་པ་ང་ལ་འཇུག་པར་ཤོག་ཅིག ངའི་ཁ་ལ་ཉོན་ལ་ལེན་དུ་སོང་སྨྲས་སོ། ༡༤ དེ་ནས་ཁོ་སོང་ནས་ར་གུ་ཁྲིད་དེ་ཨ་མ་ལ་བྱིན་ནས། ཨ་མས་ཕ་ལ་མགུ་བའི་ཁ་ཟས་ཞིམ་པོ་ཞིག་གཡོས་སོ། ༡༥ ཡང་རིབ་ཀཱས་ཁང་པ་ན་རང་གི་ལག་པ་ཡོད་པའི་ཨ་ཇོ་ཨེ་སབ་ཀྱི་གོས་བཟང་པོ་དེ་བླངས་ནས་རང་གི་བུ་ཆུང་བ་ཡ་ཀོབ་ལ་བསྐོན་ཏེ། ༡༦ རི་གུའི་པགས་པས་ལག་པ་དང་མཇིང་པའི་ཤ་འཇམ་པོ་བཏུམས་ནས། ༡༧ གཡོས་པའི་ཁ་ཟས་ཞིམ་པོ་དང་བག་ལེབ་བུ་ཡ་ཀོབ་ཀྱི་ལག་ཏུ་བཏང་ངོ་༎
༡༨ ཁོ་ནང་དུ་སོང་ནས་ཕ་ལ། ངའི་ཨ་ཕ། ཁོ་ན་རེ། ང་འདི་རུ་ཡོད། ངའི་བུ་ཁྱོད་སུ་ཡིན། ༡༩ ཡ་ཀོབ་ཀྱིས་ཕ་ལ། ང་ཁྱེད་ཀྱི་བུ་སྔོན་སྐྱེས་ཨེ་སབ་ཡིན་ཏེ། ཁྱེད་ཀྱིས་ང་ལ་བཀའ་གནང་བ་བཞིན་དུ་ངས་བྱས། ད་བཞེངས་ལ་ངའི་རི་དྭགས་ནས་གསོལ་བའི་ཕྱིར་བཞུགས་ཤིག་དང་། ཁྱེད་ཀྱི་སེམས་ཀྱིས་ང་ལ་བྱིན་རླབས་གནོང་ཞིག་ཅེས་ཞུས་སོ། ༢༠ ཨི་སཱག་གིས་བུ་ལ། ངའི་བུ་འདི་ཙམ་མགྱོགས་པར་ཐོབ་པ་ཡ་མཚན་ནོ་སྨྲས་ནས་ཁོས་ཞུས་པ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དེ་ངའི་ཕྱོགས་སུ་ཁྲིད་པར་མཛད་དོ། ༢༡ ཨི་སཱག་གིས་ཡང་ཡ་ཀོབ་ལ། ངའི་བུ་ཨེ་སབ་ཡིན་ནམ་མ་ཡིན་ཤེས་པའི་ཕྱིར་ཁྱོད་ལ་ཉུག་ཕྱིར་ང་དང་ཉེ་བར་ཤོག་ཅིག་སྨྲས་སོ། ༢༢ ཡ་ཀོབ་ཕ་ཨི་སཱག་དང་ཉེ་བར་སོང་ནས་ཁོས་དེ་ལ་ཉུག་སྟེ་སྨྲས་པ། སྐད་ནི་ཡ་ཀོབ་ཀྱི་སྐད་ཡིན། ལག་པ་ནི་ཨེ་སབ་ཀྱི་ལག་པ་ཡིན། ༢༣ དེའི་ལག་པ་ནི་ཨ་ཇོ་ཨེ་སབ་ཀྱི་ལག་པ་ལྟར་སྤུ་ཅན་ཡིན་པའི་ཕྱིར་ངོ་མི་ཤེས་པས། ཁོ་ལ་བྱིན་རླབས་བཏང་ངོ་། ༢༤ ཡང་སྨྲས་པ། ཁྱོད་ནི་ངའི་བུ་ཨེ་སབ་ངོ་ཐོག་ཡིན་ནམ། ཞུས་པ་ང་ཡིན། ༢༥ ཁོས་སྨྲས་པ། ངའི་སེམས་ཀྱིས་ཁྱོད་ལ་བྱིན་རླབས་བྱེད་པར་ངས་ངའི་བུའི་རི་དྭགས་ནས་ཟ་བའི་ཕྱིར་དེ་ང་དང་ཉེ་བར་ཞོག ཉེ་བར་བཞག་ནས་ཁོས་ཟོས་པ་དང་། རྒུན་ཆང་འཁྱེར་འོངས་ནས་དེ་ཡང་བཏུང་ངོ་། ༢༦ ཡང་ཕ་ཨི་སཱག་གིས་དེ་ལ། ངའི་བུ་འདིར་ཤོག་ལ་ང་ལ་འོ་བྱོས་ཤིག་ཅེས་གསུངས་སོ། ༢༧ ཁོ་ཉེ་བར་ཕྱིན་ནས་འོ་བྱས་པས། དེས་དེའི་གོས་ཀྱི་དྲི་བསྣུམས་ཏེ་བྱིན་རླབས་གནང་ཞིང་། ལྟོས་ཤིག ངའི་བུའི་དྲི་མ་ནི། ཡ་ཧོ་ཝཱས་བྱིན་གྱིས་བརླབས་པའི་ཞིང་གི་དྲི་བསུང་དང་འདྲ། ༢༨ དཀོན་མཆོག་ཁྱོད་ལ་ནམ་མཁའི་ཟིལ་པ་དང་། ས་གཞིའི་བཅུད་དང་། གྲོ་དང་རྒུན་སྐྱེམས་ལྷུག་པར་གནང་བར་ཤོག ༢༩ མི་བརྒྱུད་རྣམས་ཀྱིས་ཁྱོད་ཀྱི་གཡོག་བྱེད་པར་ཤོག མི་ཚོགས་རྣམས་ཀྱིས་ཁྱོད་ལ་མགོ་རྒུ་བར་ཤོག ཁྱོད་ཀྱི་སྤུན་རྣམས་ཀྱི་གཙོ་བོར་གྱུར་ཤོག ཁྱོད་ཀྱི་མའི་བུ་རྣམས་ཀྱིས་ཁྱོད་ལ་འདུད་པར་ཤོག ཁྱོད་ལ་དམོད་པ་འབོར་མཁན་ཀུན་དེ་རང་དམོད་པར་གྱུར་ཅིག ཁྱོད་ལ་བྱིན་རླབས་གཏོང་མཁན་ཚང་མ་ནི་བྱིན་གྱིས་རློབས་པར་གྱུར་ཅིག་ཅེས་ཟེར་ཏོ༎
༣༠ ཡང་ཨི་སཱག་གིས་ཡ་ཀོབ་ལ་བྱིན་རླབས་བྱས་ཟིན་པ་དང་། ཡ་ཀོབ་ཕ་ཨི་སཱག་གི་དྲུང་ནས་སོང་མ་ཐག་ཏུ་ཨ་ཇོ་ཨེ་སབ་ཁྱི་ར་ལས་ཕྱིར་ལོག་གོ། ༣༡ ཁོས་ཀྱང་ཁ་ཟས་ཞིམ་པོ་ཞིག་གཡོས་ནས། ནང་དུ་ཕའི་དྲུང་དུ་ཁྱེར་ཏེ་ཕ་ལ། ངའི་ཨ་ཕ་ཁྱེད་ཀྱི་སེམས་ཀྱིས་ང་ལ་བྱིན་རླབས་མཛད་པའི་ཕྱིར་བཞེངས་ལ་ཁྱེད་ཀྱི་བུའི་རི་དྭགས་ནས་གསོལ་ཞིག་ཅེས་ཞུས་སོ། ༣༢ ཕ་ཨི་སཱག་གིས་དེ་ལ། ཁྱོད་སུ་ཡིན་བྱས་པས་དེ་ན་རེ། ང་ནི་ཁྱེད་ཀྱི་བུ་སྔོན་སྐྱེས་ཨེ་སབ་ཡིན། ༣༣ ཨི་སཱག་ཤིན་ཏུ་མི་དགའ་སྟེ་འདར་བར་གྱུར་ནས་དེ་ལ། དེ་ནས་རི་དྭགས་ཤིག་བསད་ནས་ང་ལ་བསྟེར་བའི་མི་དེ་སུ་ཡིན། ཁྱོད་མ་ཡོངས་གོང་དུ་ངས་དེ་ཐམས་ཅད་ལས་ཟོས་ནས་དེ་ལ་བྱིན་རླབས་བྱས། བྱིན་རླབས་དེ་ཁོ་ལ་གནས་ཡོང་སྨྲས་སོ། ༣༤ ཕས་ཟེར་བའི་གཏམ་དེ་ཨེ་སབ་ཀྱིས་ཐོས་ནས་ངུ་འབོད་ཤིན་ཏུ་ཆེན་པོ་ཞིག་བཏོན་ཞིང་ཕ་ལ། ངའི་ཨ་ཕ་ང་ལ་ཡང་བྱིན་རླབས་མཛོད་ཅིག་ཅེས་ཞུས་སོ། ༣༥ ཁོས་ཁྱོད་ཀྱི་སྤུན་འོངས་ཏེ་མགོ་བསྐོར་ནས། ཁྱོད་ཀྱི་བྱིན་རླབས་ཁྱེར་ཏོ་ཞེས་སྨྲས་སོ། ༣༦ དེ་ནས་དེས་ནི་འོ་ན་དེ་ལ་ཡ་ཀོབ་༼བོད་སྐད་དུ་རྟིང་པ་འཛིན་མཁན་༽གྱི་མིང་མ་བཏགས་སམ། ད་ལན་གཉིས་ངའི་རྟིང་པ་བཟུང་། དང་པོར་སྔོན་སྐྱེས་ཀྱི་ཐོབ་ཐང་ཁྱེར། ད་ལྟ་བྱིན་རླབས་ཡང་ཁྱེར་ཏོ། སླར་ཡང་ངའི་ཕྱིར་བྱིན་རླབས་ཤིག་མ་བཞག་གམ་ཞུས་སོ། ༣༧ དེའི་ལན་དུ་ཨི་སཱག་གིས་ཨེ་སབ་ལ། ངས་ཁོ་ཁྱོད་ཀྱི་དཔོན་པོ་བྱེད་པར་བསྐོས་ཏེ་སྤུན་ཐམས་ཅད་ཁོའི་གཡོག་ཏུ་བཏང་ནས། གྲོ་དང་རྒུན་ཆང་ཁོ་ལ་བཏང་བས། ངའི་བུ་ད་ངས་ཁྱོད་ལ་ཅི་སྟེར། ༣༨ ཡང་ཨེ་སབ་ཀྱིས་ཕ་ལ། ངའི་ཕ་ཁྱེད་ལ་བྱིན་རླབས་གཅིག་འབའ་ཞིག་ལས་མེད་དམ། ང་ལ་ཡང་བྱིན་རླབས་ཤིག་གནོང་ཞིག་ཞུས་ཏེ་ངུ་སྐད་བཏོན་ནོ། ༣༩ དེའི་ལན་དུ་ཕ་ཨི་སཱག་གིས་འདི་སྐད་དུ། ལྟོས་ཤིག ཁྱོད་ཀྱི་འདུག་གནས་སའི་བཅུད་དང་བྲལ་བར་འགྱུར། སྟེང་གི་ནམ་མཁའི་ཟིལ་པ་འབྱུང་མི་ཡོང་། ༤༠ ཁྱོད་ཀྱི་རལ་གྲིས་ཁྱོད་ནི་འཚོ་བ་དང་། ཁྱོད་རང་གི་སྤུན་གྱི་གཡོག་དེ་བྱེད་པར་བྱ། དབང་ནས་ཐར་བའི་སྐབས་ནི་སླེབ་ཚེ་ན། ཁྱོད་དེའི་གཉའ་ཤིང་ཁྱོད་ལ་གནོན་པ་དབྱུག་པར་འགྱུར། ཞེས་སྨྲས་སོ༎
༤༡ ཡང་ཨེ་སབ་ཕས་བྱས་པའི་བྱིན་རླབས་ཀྱི་ཕྱིར་ཡ་ཀོབ་ལ་དགྲར་བཟུངས་ནས། སེམས་ལ་ཕའི་ཕྱིར་མྱ་ངན་བྱེད་པའི་དུས་ཉེ་བས་དེའི་རྗེས་ལ་ངས་སྤུན་ཡ་ཀོབ་གསོད་པར་བྱའོ་བསམས་སོ། ༤༢ ཨ་ཇོ་ཨེ་སབ་ཀྱིས་ཟེར་བའི་གཏམ་རིབ་ཀཱས་ཐོས་ནས། རང་གི་བུ་ཆུང་བ་ཡ་ཀོབ་ལ་ཤོག་ཟེར་བའི་མི་ཞིག་བཏང་ནས་དེ་ལ། ལྟོས་ཤིག ཨ་ཇོ་ཨེ་སབ་ཀྱིས་ཁྱོད་ལ་ལན་ལེན་པའི་ཕྱིར་ཁྱོད་གསོད་པའི་གྲོས་བྱེད་དོ། ༤༣ དེའི་ཕྱིར་ངའི་བུ་ངའི་ཁ་ལ་ཉོན་དང་། ངའི་མིང་པོ་ལ་བན་གྱི་དྲུང་དུ་ཧ་རན་ཡུལ་དུ་ཤོར་ཏེ་སོང་ཞིག ༤༤ ཨ་ཇོའི་ཁྲོ་མ་ཞི་བའི་བར་དུ་རེ་ཞིག་དེ་དང་མཉམ་དུ་སྡོད་ཅིག ༤༥ དེ་ནས་ཨ་ཇོས་ཁྱོད་ཀྱིས་ཁོ་ལ་བྱས་པ་དེ་བརྗེད་ནས་ཁྱོད་ལ་འཁྲོ་བ་དེ་ཞི་བའི་ཚེ། ངས་ཁྱོད་འདི་རུ་འབོད་པའི་མི་ཞིག་གཏོང་བར་བྱ། ཅིའི་ཕྱིར་ཁྱོད་གཉིས་ཉིན་གཅིག་ལ་ངའི་ལག་ནས་སྟོར་བར་རུང་ཅེས་སྨྲས་སོ༎
༤༦ ཡང་རིབ་ཀཱས་ཨི་སཱག་ལ། ང་ཧེད་པའི་བུ་མོའི་ཕྱིར་སྐྱོ་སྟེ་འཚོ་བ་ལ་མི་དགའ། ད་ཡུལ་གྱི་བུ་མོ་འདི་ལྟ་བུ་ཡ་ཀོབ་ཀྱིས་ཀྱང་ཧེད་པའི་བུ་མོ་རྣམས་ནས་གཅིག་བཟའ་ཟླར་ལེན་ན་ང་འཚོ་བའི་ཕན་ཅི་ཡོད་ཟེར་ཏོ༎