༢༦
ཨབ་ར་ཧམ་གྱི་དུས་སུ་བྱུང་བའི་མུ་གེ་སྔ་མ་དེ་མ་ཡིན་པའི་ཡང་མུ་གེ་ཞིག་ཡུལ་གྱི་ནང་དུ་བྱུང་བས། ཨི་སཱག་་ཕེ་ལེ་ཤེད་པའི་རྒྱལ་པོ་ཨ་བི་མེ་ལེག་གི་རྩར་གེ་རར་དུ་ཕྱིན་ཏོ། ༢ ཁོས་ཡ་ཧོ་ཝཱ་མཐོང་བར་གྱུར་ཏེ་གསུངས་པ། མི་སེར་ཡུལ་དུ་མ་བབ་པར་ངས་ཁྱོད་ལ་སྨྲས་པའི་ཡུལ་དུ་སྡོད། ༣ ཡུལ་འདི་ན་གནས་པར་གྱིས་ཤིག་དང་། ངས་ཁྱོད་དང་འགྲོགས་ཏེ་བྱིན་གྱིས་རློབས་པར་བྱའོ། ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ལ་ཡུལ་འདི་ཐམས་ཅད་བཏང་། ངས་ཁྱོད་ཀྱི་ཕ་ཨབ་ར་ཧམ་ལ་བྱས་པའི་མནའ་བཞིན་དུ་མཛད་པར་བྱའོ། ༤ ཡང་ནམ་མཁའི་སྐར་མ་ལྟར་ངས་ཁྱོད་ཀྱི་བུ་བརྒྱུད་སྤེལ་ཏེ། ཁྱོད་ཀྱི་བུ་བརྒྱུད་ལ་ཡུལ་འདི་ཐམས་ཅད་གཏོང་བ་དང་། ཁྱོད་ནས་ས་གཞིའི་མི་རབས་ཐམས་ཅད་ལ་བྱིན་རླབས་འབྱུང་བར་འགྱུར་རོ། ༥ ཅི་ལ་ཞེ་ན། ཨབ་ར་ཧམ་གྱིས་ངའི་བཀའ་ལ་ཉན་ཏེ་མན་ངག་དང་། བཀའ་དང་། ཚུལ་ཁྲིམས་དང་། བཀའ་ཁྲིམས་རྣམས་བསྲུང་བའི་ཕྱིར་རོ༎༦ ཨི་སཱག་་གེ་རར་ན་གནས་སོ། ༧ ཡང་ཡུལ་གྱི་མི་རྣམས་ཀྱིས་མོ་ནི་ཁྱོད་ཀྱི་ཆུང་མ་མ་ཡིན་ནམ་དྲིས་པས། ཁོས་སྲིང་མོ་ཡིན་ཟེར་ཏོ། དེ་ཅིའི་ཕྱིར་ཞེ་ན། ཁོའི་སེམས་ལ་རིབ་ཀཱ་མཛེས་པ་ཡིན་པའི་ཕྱིར་ཡུལ་འདིའི་མི་རྣམས་ཀྱིས་ང་གསད་ཡོང་སྙམ་ཞིང་ཆུང་མ་ཡིན་ཟེར་བར་འཇིགས་སོ། ༨ ཡང་ཡུན་རིང་ཞིག་དེར་གནས་པས་ཕེ་ལེ་ཤེད་པའི་རྒྱལ་པོ་ཨ་བི་མེ་ལེག་གིས་དཀར་ཁུང་ནས་བལྟས་ཏེ། ད་ཨི་སཱག་གིས་ཆུང་མ་རིབ་ཀཱ་དང་བཞད་གད་བྱེད་པར་མཐོང་ངོ་། ༩ ཨ་བི་མེ་ལེག་གིས་ཨི་སཱག་བོས་ནས་མོ་ནི་ངོ་ཐོག་ཁྱོད་ཀྱི་ཆུང་མ་ཡིན་ཏེ། སྲིང་མོ་ཡིན་ཟེར་བ་དེ་ཅི་ཡིན་སྨྲས་པ་དང་། ཨི་སཱག་གིས་དེ་ལ་ངའི་སེམས་ལ་ཁོའི་ཕྱིར་ཤི་བར་དོགས་སོ་བྱས་སོ། ༡༠ ཡང་ཨ་བི་མེ་ལེག་གིས་སྨྲས་པ། ངེད་རྣམས་ལ་འདི་ལྟར་བྱས་པ་དེ་ཅི་ཡིན། མི་རྣམས་ཀྱི་ནང་ནས་གཅིག་གིས་སྣང་མེད་དུ་ཁྱོད་ཀྱི་ཆུང་མ་དང་འགྲོགས་ན་ཁྱོད་ཀྱིས་ངེད་རྣམས་ལ་ཉེས་འགལ་ཞིག་དྲངས་པ་ཡིན། ༡༡ དེ་ནས་ཨ་བི་མེ་ལེག་གིས་མི་ཐམས་ཅད་ལ་མི་འདི་དང་། ཁོའི་ཆུང་མ་ལ་རེག་པ་དེ་གསོད་པར་བྱའོ་ཞེས་བསྒོའོ༎
༡༢ ཡང་ཨི་སཱག་གིས་ཡུལ་དེ་ན་ས་བོན་བཏབ་ནས་ལོ་དེ་རང་ལ་བརྒྱ་འགྱུར་གྱི་འབྲས་བུ་ཐོབ་པས་དེ་ལྟར་ཡ་ཧོ་ཝཱས་དེ་ལ་བྱིན་གྱིས་བརླབས་ཏེ། ༡༣ མི་ཆེན་པོར་གྱུར་ནས་འཕེལ་འཕེལ་བ་ལས་མི་ཤིན་ཏུ་ཆེན་མོར་གྱུར་ཏོ། ༡༤ ནོར་ལུག་ཕྱུགས་དང་བྲན་གཡོག་མང་པོ་ཡོད་པས་ཕེ་ལེ་ཤེད་པས་དེ་ལ་ཕྲག་དོག་བྱས་སོ། ༡༥ ཕ་ཨབ་ར་ཧམ་གྱི་དུས་སུ་གཡོག་པོས་བྲུས་པའི་ཁྲོན་པ་དེ་ཐམས་ཅད་ཕེ་ལེ་ཤེད་པ་རྣམས་ཀྱིས་བཀབ་ཅིང་ས་ཡིས་བཀང་ངོ་། ༡༦ ཡང་ཨ་བི་མེ་ལེག་གིས་ཨི་སཱག་ལ། ཁྱོད་ངེད་རྣམས་ལས་ཧ་ཅང་རང་དབང་ཆེ་བར་གྱུར་པས་ངེད་ཀྱི་ས་གནས་ནས་སོང་ཞིག་སྨྲས་སོ༎
༡༧ ཨི་སཱག་དེ་ནས་སོང་སྟེ་གེ་རར་ལུང་པ་ན་གཞིས་བཟུང་སྟེ་གནས་སོ། ༡༨ ཡང་ཕ་ཨབ་ར་ཧམ་གྱི་དུས་སུ་བྲུས་པའི་ཁྲོན་པ་དེ་དག་ཨབ་ར་ཧམ་ཤི་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་བཀབ་པས། ཨི་སཱག་གིས་ཕྱིར་བསལ་ནས་ཕས་བཏགས་པའི་མིང་བཞིན་དུ་དེ་དག་ལ་མིང་བཏགས་སོ། ༡༩ ཡང་ཨི་སཱག་གི་གཡོག་པོ་རྣམས་ཀྱིས་ལུང་པ་ན་བྲུས་ཏེ་དེར་འཐོན་པའི་ཁྲོན་པ་ཞིག་ཐོབ་བོ། ༢༠ གེ་རར་གྱི་རྫི་བོ་རྣམས་ཀྱིས་ཨི་སཱག་གི་རྫི་བོ་རྣམས་དང་རྩོད་དེ། འདི་ང་ཅག་གི་ཆུ་མིག་ཡིན་ཟེར་ནས། ཁོ་དང་རྩོད་པའི་ཕྱིར་ཁྲོན་པའི་མིང་ཨེ་སེག་ཅེས་བཏགས་སོ། ༢༡ ཁྲོན་པ་གཞན་ཞིག་བྲུས་ནས་དེའི་ཕྱིར་ཡང་རྩོད་དེ། དེའི་མིང་ཤིད་ནཱ་ཞེས་བཏགས་སོ། ༢༢ འདི་ནས་ཆས་ནས་ཁྲོན་པ་གཞན་ཞིག་བྲུས་ཏེ་དེའི་ཕྱིར་མ་རྩོད་པས་མིང་རེ་ཧོ་བོད་ཅེས་བཏགས་ཤིང་ད་ལྟ་ཡ་ཧོ་ཝཱས་ངེད་རྣམས་ལ་གནས་ས་གནང་བས་ཡུལ་དུ་འཕེལ་བར་འགྱུར་རོ་ཞེས་སྨྲས་སོ༎
༢༣ ཡང་དེ་ནས་བེ་ཨེར་ཤེ་བཱ་རུ་འཛེགས་སོང་ངོ་། ༢༤ ནུབ་མོ་དེ་རང་ལ་ཁོས་ཡ་ཧོ་ཝཱ་མཐོང་བར་གྱུར་ཏེ། ང་ནི་ཕ་ཨབ་ར་ཧམ་གྱི་དཀོན་མཆོག་ཡིན་ཏེ་མ་འཇིགས་ཤིག ང་ཁྱོད་དང་འགྲོགས་ནས་ཁྱོད་ལ་བྱིན་གྱིས་བརླབས་ཏེ་ངའི་གཡོག་པོ་ཨབ་ར་ཧམ་གྱི་དོན་དུ་ཁྱོད་ཀྱི་བུ་བརྒྱུད་སྤེལ་ལོ་ཞེས་གསུངས་སོ། ༢༥ ཡང་ཁོས་དེ་རུ་མཆོད་ཁྲི་ཞིག་བརྩེགས་ཏེ་ཡ་ཧོ་ཝཱའི་མཚན་བརྗོད་པ་དང་། དེ་རུ་གུར་ཕུབ་ནས་ཨི་སཱག་གི་གཡོག་པོ་རྣམས་ཀྱིས་དེ་རུ་ཁྲོན་པ་ཞིག་བྲུས་སོ༎
༢༦ དེ་ནས་གེ་རར་ནས་ཨ་བི་མེ་ལེག་དང་དེའི་གྲོགས་པོ་ཨ་གུ་ཟད་བྱ་བ་དང་དམག་དཔོན་ཕི་ཀོལ་བྱ་བ་དེའི་རྩར་འོངས་སོ། ༢༧ ཨི་སཱག་གིས་དེ་དག་ལ། ཁྱོད་ཅག་གིས་ང་ལ་དགྲ་རུ་བཟུང་སྟེ་ཁྱེད་ཀྱི་དྲུང་ནས་བསྐྲད་པས། ད་ངའི་དྲུང་དུ་ཅི་ལ་ཡོངས་ཟེར་པས། ༢༨ དེ་དག་ན་རེ། ཡ་ཧོ་ཝཱ་ཁྱོད་དང་འགྲོགས་པ་ངེད་རྣམས་ཀྱིས་མཐོང་བས། ངེད་ནི་ངེད་རྣམས་དང་ཁྱོད་ཀྱི་བར་ལ་མནའ་ཞིག་ཡོད་པར་འདོད་དོ། ངེད་རྣམས་ཁྱོད་དང་ཆད་ཀ་བྱེད་པར་བྱ། ༢༩ ངེད་རྣམས་ཀྱིས་ཁྱོད་ལ་མ་རེག་པར་ཁྱོད་ལ་བཟང་པོ་འབའ་ཞིག་བྱས་ཏེ་ཞི་བདེ་བར་འགྲོར་བཅུག་པ་ལྟར་ཁྱོད་ཀྱིས་ཀྱང་ངེད་རྣམས་ལ་ངན་པ་ཞིག་མ་བྱེད་ཅིག ཁྱོད་ཡ་ཧོ་ཝཱས་བྱིན་གྱིས་བརླབས་པ་ཡིན་ཞེས་སྨྲས་སོ། ༣༠ དེ་ནས་ཁོས་དེ་དག་ལ་སྟོན་མོ་ཞིག་བྱས་ནས་དེ་དག་གིས་ཟོས་ཤིང་བཏུང་ངོ་། ༣༡ ཐོ་རངས་ལ་དེ་དག་ལངས་ཏེ་གཅིག་གིས་གཅིག་ལ་མནའ་བོར་ནས་ཨི་སཱག་གིས་དེ་དག་འགྲོར་བཅུག་པ་དང་། ཁོའི་དྲུང་ནས་ཞི་བདེ་བར་སོང་ངོ་། ༣༢ ཡང་དེ་རང་གི་ཉིན་མོ་ལ་ཨི་སཱག་གི་དྲུང་དུ་གཡོག་པོ་རྣམས་འོངས་ཏེ་ཁྲོན་པ་བྲུས་པའི་ཕྲིན་སྐྱེལ་ཞིང་དེ་ལ། ང་ཅག་ལ་ཆུ་ཐོབ་ཅེས་ཟེར་ཏོ། ༣༣ དེ་ལ་མིང་ཤིབ་ཨ་བཏགས་སོ། དེའི་ཕྱིར་དེ་རིང་གི་ཉིན་མོའི་བར་དུ་གྲོང་ཁྱེར་དེའི་མིང་བེ་ཨེར་ཤེ་བཱ་ཡོད་དོ༎