༢༥
ཨབ་ར་ཧམ་གྱིས་ཆུང་མ་གཞན་མ་ཞིག་ཀེ་ཏུ་རཱ་བྱ་བ་བླངས་སོ།  དེ་ལ་ཟིམ་རན་དང་། ཡོག་ཤན་དང་། མེ་དན་དང་། མིད་ཨན་དང་། ཡིས་བཱག་དང་། ཤུ་ཨག་དང་དྲུག་སྐྱེས་སོ།  ཡོག་ཤན་ནས་ཤེ་བཱ་དང་། དེ་དཱན་གཉིས་ཆད་དོ། དེ་དཱན་གྱི་བུ་རྣམས་ནི་ཨ་ཤུར་པ་དང་། ལེ་ཐུས་པ་དང་། ལེ་ཨུམ་པ་རྣམས་དང་གསུམ་མོ།  ཡང་མིད་ཨན་གྱི་བུ་རྣམས་ནི་ཨེ་ཕཱ་དང་། ཨེ་ཕེར་དང་། ཧ་ནོག་དང་། ཨ་བི་དཱ་དང་། ཨེལ་དཱ་ཨ་དང་ལྔའོ། དེ་ཐམས་ཅད་ཀེ་ཏུ་རཱ་ཡི་བུ་རྣམས་ཡིན་ནོ།  ཡང་ཨབ་ར་ཧམ་ལ་ཡོད་པ་ཐམས་ཅད་ཨི་སཱག་ལ་བཏང་ངོ་།  ཨབ་ར་ཧམ་ལ་ཟུར་གྲོགས་རྣམས་ནས་ཆད་པའི་བུ་རྣམས་ལ་ཨབ་ར་ཧམ་གྱིས་གནང་སྦྱིན་རྣམས་བཏང་ནས་ཁོ་རང་མ་འཆི་བའི་གོང་དུ་བུ་ཨི་སཱག་གི་ཕྱོགས་ནས་ཤར་ཕྱོགས་ཀྱི་ཡུལ་དུ་འགྲོར་བཅུག་གོ།
 ཨབ་ར་ཧམ་གསོན་པོར་གནས་པའི་ཚེ་ཚད་ཀྱི་ལོ་གྲངས་ནི་ལོ་བརྒྱ་དང་བདུན་ཅུ་དོན་ལྔ་ལོན་ཏེ།  ཨབ་ར་ཧམ་ཚེ་རིང་པོར་གྱུར་ཏེ་རྒས་ཤིང་ཚེ་ཚད་ཚང་ནས་གྲོངས་ནས། མེས་པོ་རྣམས་དང་གཤིབས་པར་གྱུར་ཏོ།  བུ་ཨི་སཱག་དང་ཨིས་མ་ཨེལ་གཉིས་ཀྱིས་ཁོ་དུར་དུ་བཅུག་གོ། གང་དུ་ཞེ་ན། མམ་རེའི་ཐད་དུ་ཧེད་པ་ཚོ་ཧར་གྱི་བུ་ཨེབ་རོན་གྱི་ཞིང་ལ་ཡོད་པའི་མག་ཕེ་ལཱ་བྱ་བའི་ཕུག་པར་བཅུག་གོ། ༡༠ ཨབ་ར་ཧམ་གྱིས་ཧེད་པ་རྣམས་ནས་ཉོས་པའི་ཞིང་དེར་ཨབ་ར་ཧམ་དང་། ཆུང་མ་ས་རཱ་དུར་དུ་བཅུག་གོ། ༡༡ ཡང་ཨབ་ར་ཧམ་གྲོངས་ནས་དཀོན་མཆོག་གིས་བུ་ཨི་སཱག་ལ་བྱིན་རླབས་མཛད་པ་དང་། ཨི་སཱག་་པེ་ཨེར་ལཱ་ཧ་ཨི་རོ་ཨི་ལ་གནས་སོ༎
༡༢ ཨབ་ར་ཧམ་ལ་ས་རཱ་ཡི་བྲན་མོ་མི་སེར་མ་ཧ་གར་ནས་ཆད་པའི་བུ་ཨིས་མ་ཨེལ་གྱི་བརྒྱུད་ཀྱི་ཐོ་ནི། ༡༣ ཨིས་མ་ཨེལ་གྱི་བུ་རྣམས་ཀྱི་མིང་ནི། དེ་དག་གི་མིང་དང་ན་ཚོད་རྣམས་རིམ་པ་བཞིན་དུ་འདི་ལྟར་སྟེ། ཨིས་མ་ཨེལ་གྱི་བུ་སྔོན་སྐྱེས་ནེ་བཱ་ཡོད་དང་། ཀེ་དར་དང་། ཨད་བ་ཨེལ་དང་། མིབ་སམ་དང་། ༡༤ མིས་མཱ་དང་། དུ་མཱ་དང་། མ་སཱ་དང་། ༡༥ ཧ་དད་དང་། ཐེ་མཱ་དང་། ཡེ་ཐུར་དང་། ནཱ་ཕིས་དང་། ཀེད་མཱ་དང་བཅུ་གཉིས་སོ། ༡༦ དེ་དག་ཨིས་མ་ཨེལ་གྱི་བུ་རྣམས་དང་། དེ་དག་གི་མིང་ནི་རེ་རེའི་ཡུལ་དང་གུར་འབུབ་ས་རྣམས་བཞིན་དུ་ཡིན་ཏེ། བུ་བརྒྱུད་བཅུ་གཉིས་ཀྱི་རྒྱལ་པོ་རྣམས་ཡིན་ནོ། ༡༧ ཨིས་མ་ཨེལ་གྱི་ཚེ་ཚད་ནི་ལོ་བརྒྱ་དང་སུམ་ཅུ་སོ་བདུན་ལོན་ནས་དབུགས་ཆད་དེ་ཤི་བ་དང་། མེས་པོ་རྣམས་དང་གཤིབས་པར་གྱུར་ཏོ། ༡༨ ཡང་དེ་དག་ཧ་ཝི་ལཱ་ནས་ཨ་སུར་ཡུལ་གྱི་ཕྱོགས་སུ་མི་སེར་ཡུལ་གྱི་ཐད་དུ་ཡོད་པའི་ཤུར་གྱི་བར་དུ་གནས་པ་དང་། སྤུན་ཐམས་ཅད་ཀྱི་ཤར་ཕྱོགས་སུ་གཞིས་བཟུང་ངོ་༎
༡༩ ཨབ་ར་ཧམ་གྱི་བུ་ཨི་སཱག་གི་རིགས་བརྒྱུད་ཀྱི་ཐོ་ནི། ཨབ་ར་ཧམ་ལས་ཨི་སཱག་ཆད་ནས། ༢༠ ཨི་སཱག་ལོ་བཞི་བཅུ་ལོན་ནས་ཕ་དན་ཨ་རམ་ཡུལ་ནས་ཨ་རམ་པ་བེ་ཐུ་ཨེལ་གྱི་བུ་མོའམ། ཨ་རམ་པ་ལ་བན་གྱི་སྲིང་མོ་རིབ་ཀཱ་བྱ་བ་ཆུང་མར་བླངས་སོ། ༢༡ ཡང་དེའི་ཆུང་མ་མོ་གཤམ་ཡིན་པས་ཨི་སཱག་གིས་དེའི་ཕྱིར་ཡ་ཧོ་ཝཱ་ལ་གསོལ་བ་བཏབ། དེས་གསོལ་བ་འདེབས་པ་ལ་ཡ་ཧོ་ཝཱས་གསན་པས་ཆུང་མ་རིབ་ཀཱ་མངལ་དང་ལྡན་པར་གྱུར་ཏོ། ༢༢ དེ་ནས་མངལ་གྱི་ནང་ན་མཚེ་མ་གཅིག་ལ་གཅིག་བརྡུངས་པས། རིབ་ཀཱས་དེ་ལྟར་ཡོད་ན་ཅིའི་ཕྱིར་དེ་ལྟ་བུ་ཞིག་ང་ལ་བྱུང་ཞེས་སྨྲས་ནས་ཡ་ཧོ་ཝཱ་ལ་བཀའ་འདྲི་ཞུ་རུ་སོང་ངོ་། ༢༣ ཡ་ཧོ་ཝཱས་དེ་ལ་འདི་སྐད་དུ། བུ་བརྒྱུད་གཉིས་ཁྱོད་ཀྱི་ལུས་ཀྱི་ནང་ན་ཡོད་ཅིང་། རིགས་གཉིས་ཁྱོད་ཀྱི་མངལ་ནས་ཐོན་ཏེ་སོ་སོར་འགྱེ་བར་འགྱུར། རིགས་བརྒྱུད་གཅིག་ལས་རིགས་བརྒྱུད་གཞན་དེ་དབང་དང་ལྡན་པར་འགྱུར། ཨ་ཇོས་ནུ་བོ་ལ་གཡོག་བྱའོ། ཞེས་བཀའ་གནང་ངོ་༎
༢༤ ཡང་ཟླ་བ་ཚང་ནས་སྐྱེ་རན་ན། ལྟོས་ཤིག་མཚེ་མ་དེའི་མངལ་ན་ཡོད་དོ། ༢༥ ཡང་སྔོན་སྐྱེས་ཀྱི་མདོག་དམར་ཞིང་ཡོངས་སུ་གོས་སྤུ་མ་ལྟར་ཡོད་པས་དེའི་མིང་ཨེ་སབ་བཏགས་སོ། ༢༦ དེ་ནས་དེའི་སྤུན་བཙས་ཏེ། ཁོའི་ལག་པས་ཨེ་སབ་ཀྱི་རྟིང་པ་བཟུང་ཡོད་པའི་ཕྱིར་དེའི་མིང་ཡ་ཀོབ་བཏགས་སོ། ཡང་དེ་དག་སྐྱེ་བའི་ཚེ། ཨི་སཱག་ལོ་དྲུག་ཅུ་ལོན་པ་ཡིན།
༢༧ ཕྲུ་གུ་རྣམས་ཆེར་སྐྱེ་བ་དང་། ཨེ་སབ་ནི་རྔོན་པ་རྩལ་ཅན་དུ་གྱུར་ཏོ། ཡ་ཀོབ་སེམས་དུལ་ཞིང་གུར་ན་བསྡད་དོ། ༢༨ ཡང་ཨི་སཱག་ལིངས་ཀྱི་ཤ་ལ་དགའ་བས་ཨེ་སབ་ལ་གཅེས་པ་བྱས། རིབ་ཀཱས་ནི་ཡ་ཀོབ་ལ་གཅེས་པ་བྱས་སོ། ༢༩ ཉིན་ཅིག་ཡ་ཀོབ་སྤགས་ཤིག་སྐོལ་བ་ལས། ཨེ་སབ་ཐང་ནས་ངལ་ཞིང་འོངས་ཏེ། ༣༠ ཡ་ཀོབ་ལ། ང་ངལ་བས་སྤགས་དམར་པོ་དེ་ཟ་བའི་ཕྱིར་ང་ལ་ཐོང་ཞིག་ཞེས་སྨྲས་པའི་ཕྱིར། དེའི་མིང་ཨེ་དོམ་ཞེས་བཏགས་སོ། ༣༡ ཡ་ཀོབ་ཀྱིས། ཁྱོད་ཀྱིས་སྔོན་སྐྱེས་ཀྱི་ཐོབ་ཐང་དེ་རིང་ང་ལ་ཚོང་ཞིག་སྨྲས་སོ། ༣༢ ཨེ་སབ་ན་རེ། ང་ཤི་བ་ལ་ཐུག་སྟེ། སྔོན་སྐྱེས་ཀྱི་ཐོབ་ཐང་གིས་ང་ལ་ཅི་ཕན་ཡོང་སྨྲས་པ་དང་། ༣༣ ཡ་ཀོབ་ཀྱིས་ད་དེ་རིང་མནའ་བོར་ཞིག་སྨྲས་ནས། དེས་མནའ་བོར་ནས་རང་གི་སྔོན་སྐྱེས་ཀྱི་ཐོབ་ཐང་ཡ་ཀོབ་ལ་བཙོངས་སོ། ༣༤ དེ་ནས་ཡ་ཀོབ་ཀྱིས་ཨེ་སབ་ལ་བག་ལེབ་དང་ཀེར་ཟེའི་སྤགས་བཏང་ནས། དེས་ཟོས་ཤིང་བཏུང་ནས་ལངས་ཏེ་སོང་ངོ་། དེ་ལྟར་ཨེ་སབ་ཀྱིས་སྔོན་སྐྱེས་ཀྱི་ཐོབ་ཐང་ལ་རྩིས་མེད་བྱས་སོ༎