༢༤
ཨབ་ར་ཧམ་རྒས་ཏེ། ཡ་ཧོ་ཝཱས་ཨབ་ར་ཧམ་གྱི་དངོས་པོ་ཐམས་ཅད་ལ་བྱིན་རླབས་མཛད་དོ།  ཡང་ཨབ་ར་ཧམ་གྱིས་རང་གི་ཁང་པའི་ནང་ན་ཡོད་པའི་གཡོག་པོ་རྒན་པ་ཅི་ཚང་མའི་ཕྱག་མཛོད་ཡིན་པ་དེ་ལ། ཁྱོད་ཀྱི་ལག་པ་ངའི་དཔྱིའི་འོག་ཏུ་ཞོག་ཅིག་དང་།  ངས་ཡ་ཧོ་ཝཱ་ནམ་མཁའི་དཀོན་མཆོག་གི་མནའ་འགེལ་ཞིང་། ང་རང་ཀ་ན་ཨན་པའི་ཁྲོད་དུ་གནས་ཀྱང་། ཁྱོད་ཀྱིས་མི་དེ་དག་གི་བུ་མོ་རྣམས་ནས་སུའང་ངའི་བུའི་ཆུང་མར་མ་ལེན།  ཁྱོད་ངའི་ཕ་ཡུལ་དང་ངའི་གཉེན་དྲུང་རྣམས་ཀྱི་རྩར་སོང་ནས་ངའི་བུ་ཨི་སཱག་ལ་ཆུང་མ་ལོངས་ཤིག་ཅེས་བསྒོ་བ་དང་།  གཡོག་པོས་དེ་ལ། བུ་མོ་ཡུལ་འདི་རུ་ངའི་རྗེས་སུ་འབྲང་བར་མི་དགའ་ལས་ཆེ། ཁྱེད་གང་ནས་བྱོན་པའི་ཡུལ་དེ་རུ་ངས་ཁྱེད་ཀྱི་སྲས་ཀྱང་ཁྲིད་དགོས་སམ།  ཨབ་ར་ཧམ་གྱིས་དེ་ལ། ཁྱོད་ཀྱིས་ངའི་བུ་དེ་རུ་ཕྱིར་ལོག་ཁྲིད་པ་ལས་སྲུང་ཞིག  ཡ་ཧོ་ཝཱ་ནམ་མཁའི་དཀོན་མཆོག་གིས་ང་རང་གི་ཕའི་ཁང་པ་དང་། ངའི་སྐྱེ་ཡུལ་གྱི་ནང་ནས་བཏོན་པར་མཛད་དེ་ང་ལ་འདི་སྐད་དུ། ཁྱོད་ཀྱི་བུ་བརྒྱུད་ལ་ཡུལ་འདི་གནང་བར་བྱའོ་བཀའ་སྩལ་ཞིང་མནའ་མཛད་པས། ཁྱོད་ཀྱིས་དེ་ནས་ངའི་བུ་ལ་ཆུང་མ་ཞིག་ལེན་པའི་ཕྱིར་ཁོང་གིས་རང་གི་ཕོ་ཉ་ཁྱོད་ཀྱི་མདུན་དུ་གནང་བར་འགྱུར་རོ།  ཇི་སྟེ་བུ་མོ་ཁྱོད་ཀྱི་རྗེས་སུ་འབྲང་བར་མི་དགའ་ན་ཁྱོད་ངས་བཀལ་བའི་མནའ་ལས་ཐར་བར་འགྱུར། འོན་ཀྱང་ངའི་བུ་དེ་རུ་ཅི་ནས་ཀྱང་མ་ཁྲིད་ཅིག་ཅེས་བསྒོའོ།  དེ་ནས་གཡོག་པོས་ལག་པ་ཇོ་བོ་ཨབ་ར་ཧམ་གྱི་དཔྱིའི་འོག་ཏུ་བཞག་སྟེ་བྱ་བ་དེའི་ཕྱིར་ཁོས་མནའ་བསྐྱལ་ཏོ༎
༡༠ དེའི་ཚེ་གཡོག་པོས་ཇོ་བོའི་རྔ་མོང་རྣམས་ནས་རྔ་མོང་བཅུ་ཁྲིད་དེ། ཇོ་བོའི་ནོར་རྫས་སྣ་ཚོགས་རང་གི་ལག་ཏུ་ཡོད་པ་དང་བཅས་སུ་ཆས་ནས། གཙང་པོ་གཉིས་ཀྱི་མེ་སོ་པོ་ཏ་མི་ཨ་ཡུལ་དུ་ཡོད་པའི་ན་ཧོར་གྱི་གྲོང་ཁྱེར་དུ་ཕྱིན་ཏོ། ༡༡ ཡང་ནུབ་མོ་བུད་མེད་རྣམས་ཆུ་བཅུར་འོང་བའི་དུས་སུ་དེས་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཁྲོན་པ་ཞིག་གི་འགྲམ་དུ་རྔ་མོང་རྣམས་སྡོད་དུ་བཅུག་གོ། ༡༢ དེའི་ཚེ་ཁོས་འདི་སྐད་དུ། ཀྱེ་ཡ་ཧོ་ཝཱ་བདག་གི་ཇོ་བོ་ཨབ་ར་ཧམ་གྱི་དཀོན་མཆོག དེ་རིང་ངའི་ལས་དོན་སྒྲུབ་པར་མཛོད་ལ། ངའི་ཇོ་བོ་ཨབ་ར་ཧམ་ལ་ཐུགས་རྗེ་མཛོད་ཅིག ༡༣ གཟིགས་ཤིག ང་ཆུ་མིག་གི་འགྲམ་ན་ལང་སྡོད་པས། གྲོང་ཁྱེར་གྱི་མིའི་བུ་མོ་རྣམས་ཆུ་བཅུར་འོང་ངོ་། ༡༤ ད་ནི་གལ་ཏེ་ངས་གང་བུ་མོ་ལ། ཁྱོད་ཀྱི་རྫ་མ་ཕོབ་ལ་ཆུ་གནོང་ཞིག་ཟེར་ནས། བུ་མོ་དེས་ང་ལ། ཁྱོད་བཏུང་ནས་ཁྱོད་ཀྱི་རྔ་མོང་ལ་ཡང་ཆུ་བཏང་ངོ་ཞེས་ཟེར་ན། བུ་མོ་དེ་ནི་ཁྱེད་ཀྱིས་ཁྱེད་ཀྱི་བྲན་ཨི་སཱག་གི་ཕྱིར་བསྐོས་པའི་བུ་མོ་དེ་ཡིན་པར་གྱུར་ཅིག ཡང་ཁྱེད་ཀྱིས་ངའི་ཇོ་བོ་ལ་ཐུགས་རྗེས་གཟིགས་པ་ངས་འདི་ནས་ཤེས་པར་འགྱུར་རོ་ཞེས་ཞུས་སོ༎
༡༥ ཡང་དེས་ཞུ་བ་ཕུལ་མ་ཟིན་པར་ཨབ་ར་ཧམ་གྱི་སྤུན་ན་ཧོར་གྱི་ཆུང་མ་མིལ་ཀཱ་ཡི་བུ་བེ་ཐུ་ཨེལ་ལ་བྱོར་བའི་བུ་མོ་རིབ་ཀཱ་ཞེས་བྱ་བ་རྫ་མ་གཉའ་བར་འཁུར་ཏེ་འོངས་སོ། ༡༦ བུ་མོ་དེ་ལྟ་ན་ཤིན་ཏུ་སྡུག་ཅིང་སྐྱེས་པ་སུས་ཀྱང་དེ་དང་མ་འགྲོགས་པའི་ན་ཆུང་ཡིན་ནོ། དེས་ཆུ་མིག་ཏུ་ཐུར་ལ་བབ་པ་དང་། རྫ་མ་ཆུས་བཀང་སྟེ་འཛེགས་སོ། ༡༧ གཡོག་པོ་དེའི་རྩར་སོང་སྟེ་ང་ལ་ཁྱོད་ཀྱི་རྫ་མ་ནས་ཆུ་ཅུང་ཟད་ཅིག་ཞུ་ལགས་སྨྲས་པ་དང་། ༡༨ ཇོ་བོ་འཐུང་ཞིག་ཅེས་སྨྲས་ནས་རྫ་མ་མགྱོགས་པར་ལག་པ་རུ་ཕབ་སྟེ་འཐུང་དུ་བཅུག་གོ། ༡༩ འཐུང་ཟིན་ནས་ཁྱོད་ཀྱི་རྔ་མོང་རྣམས་མ་ངོམས་པའི་བར་དུ་ངས་དེ་དག་ལ་ཡང་ཆུ་བཅུའོ་སྨྲས་ནས། ༢༠ མགྱོགས་པར་རྫ་མའི་ཆུ་གཞོང་པའི་ནང་དུ་བླུགས་ནས་ཡང་ཆུ་བཅུར་ཁྲོན་པའི་ནང་བརྒྱུགས་ནས། རྔ་མོང་ཐམས་ཅད་ཀྱི་ཕྱིར་ཆུ་བཅུས་སོ། ༢༡ མི་དེ་ངོ་མཚར་རྨད་དུ་གྱུར་ཏེ་ཡ་ཧོ་ཝཱས་རང་གི་ལམ་ལ་ཐུགས་བརྩེ་བར་དགོངས་སམ་མ་དགོངས་རྟོགས་པའི་ཕྱིར་དེ་ལ་ནན་ཏན་ལྟ་སྟེ་ངག་བཅད་དོ༎
༢༢ དེ་ནས་རྔ་མོང་རྣམས་ཆུ་བཏུང་ཚར་ནས་མི་དེས་གསེར་གྱི་ཨ་ལོང་དངུལ་ཞོ་གང་གི་བསྐར་ཀ་ཡོད་པ་ཞིག་དང་། དེའི་ལག་པའི་ཕྱིར་གསེར་གྱི་ལག་དུབ་དངུལ་སྲང་དོའི་བསྐར་ཀ་ཡོད་པ་གཉིས་ཕྱུང་སྟེ། ༢༣ ཁྱོད་སུའི་བུ་མོ་ཡིན་ང་ལ་ཤོད། ཁྱོད་ཀྱི་ཕའི་ཁང་པ་རུ་ང་ཅག་དགོངས་ཕབ་ན་ས་ཆ་ཡོད་དམ་ཞེས་དྲིས་སོ། ༢༤ མོས་དེ་ལ་སྨྲས་པ། ང་ནི་ན་ཧོར་ལ་མིལ་ཀཱ་དང་བར་ལ་སྐྱེས་པའི་བུ་བེ་ཐུ་ཨེལ་གྱི་བུ་མོ་ཡིན། ༢༥ ཡང་སྨྲས་པ། ཕུབ་མ་དང་ཁ་ཟས་ཀྱང་མང་པོ་ངེད་རྣམས་ལ་ཡོད། དགོངས་ས་ཡང་ཡོད། ༢༦ དེའི་ཚེ་མི་དེས་མགོ་ཞུམ་ཞིང་། ཡ་ཧོ་ཝཱའི་སྐུ་མདུན་དུ་ལུས་ས་ལ་བརྡབས་ཏེ་ཞུས་པ། ༢༧ ཇོ་བོ་ཨབ་ར་ཧམ་གྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་བསྟོད་བསྔགས་པར་གྱུར་ཅིག ཁོང་གིས་ངའི་ཇོ་བོ་ལས་ཐུགས་རྗེ་དང་ཐུགས་དྲང་བ་མ་འཕྲལ་བ་ཡིན། ང་ཡང་ཡ་ཧོ་ཝཱས་ཇོ་བོའི་སྤུན་གྱི་ཁང་པའི་ལམ་ལ་ཁྲིད་བྱུང་ཞུས་སོ༎
༢༨ ཡང་བུ་མོ་བརྒྱུགས་ཏེ་མའི་ཁང་པ་རུ་བྱ་བ་དེ་བཤད་དོ། ༢༩ ཡང་རིབ་ཀཱའི་མིང་པོ་ལ་བན་བྱ་བ་ཕྱི་རོལ་ཏུ་ཆུ་མིག་གི་དྲུང་དུ་སྡོད་པའི་མིའི་རྩར་བརྒྱུགས་སོ། ༣༠ དེས་སྲིང་མོའི་སྣ་ལོང་དང་། གསེར་གྱི་ལག་གདུབ་རྣམས་ལག་པ་ལ་ཡོད་པ་མཐོང་། ཡང་སྲིང་མོ་རིབ་ཀཱས་དེ་ལྟར་མི་དེས་ང་ལ་ཟེར་བྱུང་ཞེས་ཐོས་པས། མི་དེའི་དྲུང་དུ་སོང་། དེ་ནི་ཆུ་མིག་གི་འགྲམ་དུ་རྔ་མོང་གི་རྩར་ལངས་ནས་ཡོད་པ་ཡིན། ༣༡ དེ་ནས་དེ་ལ་སྨྲས་པ། ཡ་ཧོ་ཝཱས་བྱིན་གྱིས་བརླབས་པ་ཁྱོད་ནང་དུ་ཤོག ངས་ཁང་པ་དང་རྔ་མོང་གི་ཕྱིར་དགོངས་ས་བཤམས་པས་ཅིའི་ཕྱིར་ཁྱོད་ཕྱི་རོལ་དུ་སྡོད། ༣༢ དེ་ནས་མི་དེ་ཁང་པ་ལ་འོངས་ནས། རྔ་མོང་རྣམས་ཀྱི་སྒ་བཀྲོལ་ཏོ། རྔ་མོང་རྣམས་ལ་ཕུབ་མ་དང་ཟ་བ་དང་། ཁོ་རང་དང་ཁོ་དང་མཉམ་དུ་ཡོད་པའི་མི་རྣམས་ཀྱི་རྐང་པ་འཁྲུ་བའི་ཕྱིར་ཆུ་བསྟེར་རོ། ༣༣ དེ་ནས་དེ་ལ་ཁ་ཟས་དྲངས་པ་ལས་ཁོ་ན་རེ། ངས་རང་གི་ལས་དོན་མ་ཟེར་བའི་བར་དུ་ངས་མི་ཟ་སྨྲས་པ་དང་། དེས་གཏམ་སྨྲོས་ཤིག་བྱས།
༣༤ དེ་ནས་ཁོས་འདི་སྐད་དུ། ང་ནི་ཨབ་ར་ཧམ་གྱི་གཡོག་པོ་ཡིན། ༣༥ ཡ་ཧོ་ཝཱས་ངའི་ཇོ་བོ་ལ་བྱིན་རླབས་ཤིན་ཏུ་ཆེན་པོ་མཛད་པས་ཆེ་བར་གྱུར་ནས་ཁོང་གིས་དེ་ལ་ལུག་དང་། བ་གླང་དང་། དངུལ་དང་། གསེར་དང་། གཡོག་པོ་དང་། གཡོག་མོ་དང་། རྔ་མོང་དང་། བོང་བུ་རྣམས་གནང་ངོ་། ༣༦ དེ་ནས་ངའི་ཇོ་བོའི་ཆུང་མ་ས་རཱ་རྒས་པའི་ཚེ་དེ་ལས་ངའི་ཇོ་བོ་ལ་བུ་ཞིག་བྱོར་ནས་ཁོང་ལ་ཡོད་པ་ཐམས་ཅད་དེ་ལ་བཏང་ངོ་། ༣༧ དེ་ནས་ངའི་ཇོ་བོས་དབུ་མནའ་བཞེས་ཏེ་ང་ལ། ང་རང་ཀ་ན་ཨན་པའི་ཁྲོད་ན་གནས་ཀྱང་ཁྱོད་ཀྱིས་མི་དེ་དག་གི་བུ་མོ་རྣམས་ནས་སུའང་ངའི་བུའི་ཆུང་མར་མ་ལེན། ༣༨ ཁྱོད་ཀྱིས་ངའི་ཕའི་ཁང་པ་དང་ངའི་ཉེ་འབྲེལ་གྱི་རྩར་སོང་ལ་ངའི་བུ་ལ་ཆུང་མ་ལོངས་ཤིག་ཅེས་བཀའ་གནང་ངོ་། ༣༩ དེ་ནས་ངས་ངའི་ཇོ་བོ་ལ། བུ་མོ་ང་དང་མཉམ་དུ་མི་འོང་ལས་ཆེ་ཞུས། ༤༠ ཁོང་གིས་ང་ལ། ངས་ཡ་ཧོ་ཝཱའི་ཞལ་གྱི་མདུན་དུ་སྤྱོད་པ་སྤྱད་དེ་ཁོང་གིས་ཉིད་ཀྱི་ཕོ་ཉ་ཁྱོད་ཀྱི་མདུན་དུ་གནང་ནས། ཁྱོད་ཀྱིས་ངའི་ཉེ་འབྲེལ་དང་ངའི་ཕའི་ཁང་པ་ནས་ངའི་བུ་ལ་ཆུང་མ་ཞིག་ལེན་པའི་ཕྱིར་ཁྱོད་ཀྱི་ལམ་ལ་བྱིན་གྱིས་རློབ་པར་འགྱུར་རོ། ༤༡ གལ་ཏེ་ངའི་ཉེ་འབྲེལ་གྱི་རྩར་སླེབས་ན། ཁྱོད་ངས་བཀལ་བའི་མནའ་ལས་ཐར། ཇི་སྟེ་དེ་དག་གིས་ཁྱོད་ལ་དེ་མ་བཏང་ན་ཁྱོད་ངས་བཀལ་བའི་མནའ་ལས་ཐར་བར་འགྱུར་རོ་ཞེས་བསྒོའོ༎
༤༢ དེ་ལྟར་དེ་རིང་གི་ཉིན་མོ་ལ་ངས་ཆུ་མིག་གི་རྩར་འོང་ནས། ཀྱེ་ཡ་ཧོ་ཝཱ་ངའི་ཇོ་བོ་ཨབ་ར་ཧམ་གྱི་དཀོན་མཆོག ཁྱེད་ཀྱིས་བདག་ལ་འགྲོ་བའི་ལམ་ལ་བྱིན་རླབས་མཛད་པ་ལགས་ན། ༤༣ ང་ཆུ་མིག་འདིའི་འགྲམ་ན་སྡོད་དེ། ཆུ་བཅུར་འོང་བའི་བུ་མོ་ལ་ཁྱོད་ཀྱི་རྫ་མ་ནས་ཆུ་ཅུང་ཟད་ཅིག་གནོང་ཟེར་བ་དང་། ༤༤ དེས་ང་ལ་ཁྱོད་ཀྱང་འཐུང་ལ་ཁྱོད་ཀྱི་རྔ་མོང་རྣམས་ལ་ཡང་ངས་ཆུ་བཅུའོ་ཞེས་སྨྲས་ན། བུ་མོ་དེ་ནི་ཡ་ཧོ་ཝཱས་ངའི་ཇོ་བོའི་བུའི་ཆུང་མར་བསྐོས་པའི་བུ་མོ་ཡིན་པར་ཤོག་ཅིག་ཅེས་ཞུས་པ་ཡིན། ༤༥ ཡང་ངའི་སེམས་ཀྱི་ནང་ན་གླེང་མོ་ད་རུང་མ་ཟིན་པར། ལྟོས་ཤིག རིབ་ཀཱ་རྫ་མ་གཉའ་བར་འཁུར་ཏེ་འོངས་པ་དང་ཆུ་མིག་ཏུ་བབ་ནས། ཆུ་བཅུ་བ་ལས་ངས་དེ་ལ། ང་ལ་འཐུང་དུ་གནོང་ཞིག་སྨྲས་པས། ༤༦ ཁོ་མོས་མགྱོགས་པར་རྫ་མ་ཕབ་ནས་འཐུང་ལ་ཁྱོད་ཀྱི་རྔ་མོང་རྣམས་ལ་ཡང་ངས་ཆུ་འཐུང་དུ་གཏོང་ངོ་ཞེས་སྨྲས་ནས་ངས་བཏུང་བ་དང་། མོས་རྔ་མོང་རྣམས་ལ་ཡང་ཆུ་འཐུང་དུ་བསྟེར་རོ། ༤༧ དེ་ནས་ངས་དེ་ལ་ཁྱོད་སུའི་བུ་མོ་ཡིན་ཞེས་དྲིས་ནས། དེས་ང་མིལ་ཀཱ་དང་ན་ཧོར་གྱི་བར་ལ་བྱོར་བའི་བུ་བེ་ཐུ་ཨེལ་གྱི་བུ་མོ་ཡིན་སྨྲས་པས། ངས་མོའི་སྣ་ལ་སྣ་ལོང་དང་ལག་པ་ལ་ལག་གདུབ་རྣམས་བཏགས་སོ། ༤༨ དེ་ནས་ངས་མགོ་ཞུམ་པ་དང་ཡ་ཧོ་ཝཱའི་མདུན་དུ་ལུས་ས་ལ་བརྡབས་ཏེ། ཡ་ཧོ་ཝཱ་ངའི་ཇོ་བོ་ཨབ་ར་ཧམ་གྱི་དཀོན་མཆོག་གིས་ང་ལམ་དྲང་པོར་འཁྲིད་པར་མཛད་དེ། ངའི་ཇོ་བོའི་སྤུན་གྱི་བུ་མོ་དེ་ཇོ་བོའི་བུའི་ཕྱིར་ང་ལེན་དུ་བཅུག་པས་ངས་ཡ་ཧོ་ཝཱ་ལ་བསྟོད་བསྔགས་སོ། ༤༩ ད་ལྟ་ཁྱེད་ཀྱིས་ངའི་ཇོ་བོ་ལ་དྲིན་དང་ཐུགས་རྗེ་བྱེད་པའི་སེམས་སྐྱེད་ན་ང་ལ་ཤོད་ཅིག གལ་ཏེ་མི་སྐྱེད་ནའང་ང་ལ་ཤོད་ཅིག་དང་། དེ་ནས་ང་གཡས་སམ་གཡོན་ཕྱོགས་སུ་འགྲོའོ། དེ་སྐད་ཅེས་སྨྲས་པའི་ལན་དུ།
༥༠ ལ་བན་དང་བེ་ཐུ་ཨེལ་གཉིས་ཀྱིས་ལན་དུ། བྱ་བ་འདི་ཡ་ཧོ་ཝཱ་ནས་བྱུང་བས། ངེད་རྣམས་ཀྱིས་ཁྱོད་ལ་བཟང་པོའམ་ངན་པ་ཅི་ཞིག་ཟེར་མི་ཐུབ། ༥༡ ལྟོས་ཤིག་རིབ་ཀཱ་ཁྱོད་ཀྱི་མདུན་དུ་ཡོད་དེ་བློངས་ལ་སོང་ཞིག་དང་། ཡ་ཧོ་ཝཱས་བཀའ་སྩལ་བ་ལྟར་དེ་ནི་ཁྱོད་ཀྱི་ཇོ་བོའི་བུའི་ཆུང་མར་གྱུར་ཅིག་སྨྲས་སོ། ༥༢ ཡང་ཨབ་ར་ཧམ་གྱི་གཡོག་པོས་དེ་དག་གི་གཏམ་ཐོས་ནས་ཁོས་ཡ་ཧོ་ཝཱའི་མདུན་དུ་ལུས་ས་ལ་བརྡབས་སོ། ༥༣ དེ་ནས་གཡོག་པོས་དངུལ་གྱི་རྒྱན་རྣམས་དང་། གསེར་གྱི་རྒྱན་རྣམས་དང་། གོས་རྣམས་ཕྱུང་སྟེ་རིབ་ཀཱ་ལ་བཏང་བ་དང་། དེའི་མིང་པོ་དང་ཨ་མ་གཉིས་ལ་ཡང་རྒྱན་རྣམས་བཏང་ངོ་༎
༥༤ དེ་ནས་ཁོ་དང་མཉམ་དུ་ཡོད་པའི་མིས་ཁ་ཟས་ཟོས་ཤིང་བཏུང་སྟེ་དགོངས་ས་བྱས་ནས། ཐོ་རངས་ལ་ལངས་ཏེ་ཁོས་ང་རང་གི་ཇོ་བོའི་དྲུང་དུ་འགྲོར་ཆུག་ཅིག་ཟེར་ཏོ། ༥༥ དེའི་མིང་པོ་དང་ཨ་མས་བུ་མོ་ཞག་ཁ་ཅིག་གམ་ཞག་བཅུ་ཙམ་ངེད་རྣམས་དང་འགྲོགས་ནས། དེའི་རྗེས་སུ་འགྲོ་བར་རུང་ངོ་སྨྲས་སོ། ༥༦ ཁོས་དེ་དག་ལ། ཡ་ཧོ་ཝཱས་ངའི་ལམ་ལ་ཐུགས་རྗེས་གཟིགས་པས་མ་འགེགས་པར་ང་རང་གི་ཇོ་བོའི་དྲུང་དུ་འགྲོར་ཆུག་ཅིག་ཅེས་ཞུས་སོ། ༥༧ དེ་དག་གིས་ངེད་ཀྱིས་བུ་མོ་མདུན་དུ་བོས་ནས་དེའི་ཁ་ལ་འདྲི་བར་བྱའོ་ཟེར་ནས། ༥༨ རིབ་ཀཱ་བོས་ནས་དེ་ལ་མི་འདི་དང་བཅས་སུ་འགྲོའམ་དྲིས་པ་དང་། ཁོ་མོས་འགྲོའོ་སྨྲས་སོ། ༥༩ དེ་ནས་དེ་དག་གིས་སྲིང་མོ་རིབ་ཀཱ་དང་། དེའི་འཚོ་རྫི་དང་། ཨབ་ར་ཧམ་གྱི་གཡོག་པོ་དང་། དེའི་མི་རྣམས་འགྲོར་བཅུག་པ་དང་། ༦༠ རིབ་ཀཱ་ལ་འདི་སྐད་དུ། ངེད་རྣམས་ཀྱི་སྲིང་མོ་ཁྱོད་སྟོང་སྟོང་གི་མ་ལ་འགྱུར་བར་ཤོག ཁྱོད་ཀྱི་བུ་བརྒྱུད་ཀྱིས་དགྲ་རྣམས་ཀྱི་རྟ་སྒོའི་བདག་པོར་གྱུར་ཅིག་ཟེར་ཞིང་བྱིན་རླབས་བྱས་སོ༎
༦༡ དེ་ནས་རིབ་ཀཱ་དང་ཞལ་ཏ་མ་རྣམས་ལངས་ནས་རྔ་མོང་རྣམས་ལ་ཞོན་ཏེ་མི་དེའི་རྗེས་སུ་འབྲངས་སོ། དེ་ལྟར་གཡོག་པོ་དེས་རིབ་ཀཱ་བརྙེད་ནས་སོང་ངོ་། ༦༢ ཨི་སཱག་་པེ་ཨེར་ལཱ་ཧ་ཨི་རོ་ཨིར་ཕྱིན་ཏེ་ཕྱི་རུ་འོངས་སོ། ཁོ་ལྷོ་ཕྱོགས་ཀྱི་ཡུལ་ན་གནས་སོ། ༦༣ ཡང་ཨི་སཱག་ཉི་མ་ནུབ་པའི་དུས་སུ་ཐང་ལ་མྱ་ངན་བྱེད་དུ་འགྲོ་བ་ལས། མིག་བཏེགས་ཏེ་རྔ་མོང་རྣམས་ཚུར་འོང་བར་མཐོང་ངོ་། ༦༤ རིབ་ཀཱས་ཡང་མིག་བཏེགས་ཏེ་ཨི་སཱག་མཐོང་ནས་རྔ་མོང་ནས་མགྱོགས་པར་མཆོངས་པ་དང་། ༦༥ གཡོག་པོ་ལ་ངེད་རྣམས་བསུ་བར་ཐང་ལ་འོང་བའི་མི་དེ་སུ་ཡིན་ཞེས་སྨྲས་ནས་གཡོག་པོས། ངའི་ཇོ་བོ་ལགས་ཞུས་པས། ཁོ་མོས་གདོང་ཁེབས་བླངས་ཏེ་རང་ལ་བཀབ་བོ། ༦༦ དེ་ནས་གཡོག་པོས་བྱས་པའི་བྱ་བ་ཐམས་ཅད་ཨི་སཱག་ལ་བཤད་དོ། ༦༧ ཡང་ཨི་སཱག་གིས་དེ་མ་ས་རཱའི་གུར་གྱི་ནང་དུ་ཁྲིད་པ་དང་། རིབ་ཀཱ་བླངས་ཏེ་དེའི་ཆུང་མར་གྱུར་ནས་དེ་ལ་གཅེས་པར་བཟུང་ངོ་། དེ་ལྟར་ཨི་སཱག་གི་ཨ་མ་ཤི་བའི་མྱ་ངན་བསངས་སོ༎