༢༣
ས་རཱ་ཡི་ཚེ་ཚད་ལོ་བརྒྱ་དང་ཉི་ཤུ་རྩ་བདུན་ཙམ་དུ་ཕྱིན་ཏེ།  ས་རཱ་་ཁིར་ཡད་ཨར་བཱ་ན་ཤིའོ། དེ་ནི་ཀ་ན་ཨན་ཡུལ་ན་ཡོད་པའི་ཧེབ་རོན་ཡིན། ཨབ་ར་ཧམ་་ས་རཱ་ཡི་ཕྱིར་དུ་མྱ་ངན་དང་ངུ་འབོད་བྱེད་དུ་འོངས་སོ།  ཡང་ཨབ་ར་ཧམ་རང་གི་གཤིན་མོའི་དྲུང་ནས་ལངས་ཏེ་ཧེད་པ་རྣམས་ལ་འདི་སྐད་དུ།  ང་རྒྱལ་ཁམས་པ་ཡིན་ཏེ་ཁྱེད་རྣམས་ཀྱི་ཁྲོད་དུ་གཞིས་བཟུང་ནས་ངའི་གཤིན་མོ་འདི་ངའི་དྲུང་ནས་དུར་དུ་འཇུག་པའི་ཕྱིར་ཁྱེད་ཀྱི་ཁྲོད་ནས་ས་ཆ་ཞིག་ངའི་ལག་ཏུ་གཏང་དུ་གསོལ་ཞེས་ཞུས་པའི་ལན་དུ།  ཧེད་པ་རྣམས་ཀྱིས་ཨབ་ར་ཧམ་ལ།  ཇོ་བོ། ངེད་རྣམས་ལ་གསོན་ཞིག ཁྱེད་ངེད་རྣམས་ཀྱི་ཁྲོད་དུ་དཀོན་མཆོག་ལ་རྟེན་པའི་དཔོན་པོ་ཆེན་པོ་ཞིག་ཡིན་ཏེ། ངེད་ཀྱི་དུར་ས་རྣམས་ཀྱི་མཆོག་ཡིན་པ་དེར་ཁྱེད་ཀྱི་གཤིན་མོ་དུར་དུ་ཆུག་ཅིག ཁྱེད་ཀྱི་གཤིན་མོ་དུར་དུ་འཇུག་པ་ལ་ངེད་ཀྱི་ནང་ནས་མི་སུས་ཀྱང་རང་གི་དུར་ཁྱེད་ཀྱི་ཕྱིར་མི་དགག་གོ་ཞེས་སྨྲས་སོ།  དེ་ནས་ཨབ་ར་ཧམ་ལངས་ཏེ་ཡུལ་མི་ཧེད་པ་རྣམས་ཀྱི་མདུན་དུ་ལུས་ས་ལ་བརྡབས་ཏེ་དེ་དག་ལ།  ངའི་གཤིན་མོ་འདི་ངའི་དྲུང་ནས་དུར་དུ་འཇུག་པ་ཁྱེད་རྣམས་ཀྱི་ཐུགས་སུ་འགྲོ་ན་ང་ལ་གསན་ཞུ། ཚོ་ཧར་གྱི་བུ་ཨེབ་རོན་བྱ་བས་དབང་བའི་མག་ཕེ་ལཱ་བྱ་བའི་བྲག་ཕུག་དེ་རང་གི་ཞིང་གི་ཟུར་ལ་ཡོད་པ་དེ།  ང་ལ་གནང་བའི་ཕྱིར་ངའི་སླད་དུ་ཞུ་བ་ཕུལ་ཞིག ཁོས་རིན་ཚང་པོ་བླངས་ཏེ་ཕུག་པ་དེ་ཁྱེད་ཀྱི་ཁྲོད་དུ་ངའི་བརྒྱུད་ཀྱི་དུར་དུ་དབང་བར་གནང་བར་ཞུས་ཤིག་ཅེས་སྨྲས་སོ༎
༡༠ ཅི་ལ་ཟེར་ན། ཨེབ་རོན་་ཧེད་པ་རྣམས་ཀྱི་དཀྱིལ་དུ་གནས་པའི་ཕྱིར་རོ། དེ་ནས་དེའི་ལན་དུ་ཧེད་པ་ཨེབ་རོན་གྱིས་རང་གི་ཡུལ་གྱི་སྒོར་ཞུགས་པའི་ཧེད་པ་ཐམས་ཅད་ཀྱི་རྣ་བའི་མདུན་དུ་འདི་སྐད་དུ། ༡༡ ཇོ་བོ་མི་འོང་། ང་ལ་གསན་ཞིག ཞིང་དེ་ཡང་ངས་ཁྱེད་ལ་འབུལ། དེའི་ནང་ན་ཡོད་པའི་ཕུག་པ་ཡང་ཁྱེད་ལ་འབུལ། ངའི་བུ་བརྒྱུད་ཀྱི་བུ་རྣམས་ཀྱི་མིག་གི་མདུན་དུ་ངས་ཁྱེད་ལ་འབུལ་བས་ཁྱེད་ཀྱི་གཤིན་མོ་དུར་དུ་ཆུག་ཅིག་ཅེས་སྨྲས་སོ། ༡༢ ཨབ་ར་ཧམ་གྱིས་ཡུལ་མི་རྣམས་ཀྱི་མདུན་དུ་ལུས་ས་ལ་བརྡབས་ཏེ། ༡༣ ཨེབ་རོན་ལ་ཡུལ་མི་རྣམས་ཀྱི་རྣ་བའི་མདུན་དུ་ཁྱེད་ཀྱིས་ང་ལ་གསན་ན་ཅི་མ་རུང་། ངས་ཞིང་གི་རིན་འབུལ་བས། བཞེས་ལ་ངའི་གཤིན་མོ་དེ་ན་དུར་དུ་འཇུག་པར་བྱའོ། ༡༤ དེའི་ལན་དུ་ཨེབ་རོན་གྱིས་ཨབ་ར་ཧམ་ལ། ༡༥ ཇོ་བོ་ང་ལ་གསན་ཞིག ཞིང་གི་རིན་དངུལ་སྲང་བཞི་བརྒྱ་ཙམ་ཡིན་ཏེ། དེ་ང་གཉིས་ཀྱི་བར་ལ་ཅི་ཡིན། ད་ཁྱེད་ཀྱི་གཤིན་མོ་དུར་དུ་ཆུག་ཅིག་ཅེས་སྨྲས་སོ། ༡༦ ཡང་ཨབ་ར་ཧམ་གྱིས་ཨེབ་རོན་ལ་ཉན་ཏེ། ཨེབ་རོན་གྱིས་ཧེད་པ་རྣམས་ཀྱི་རྣ་བའི་མདུན་དུ་ཟེར་བ་ལྟར་ཨབ་ར་ཧམ་གྱིས་དངུལ་དེ་ཨེབ་རོན་ལ་ཚོང་པའི་སྐར་ཚད་བཞིན་དུ་དངུལ་སྲང་བཞི་བརྒྱ་བསྐར་རོ༎
༡༧ དེ་ལྟར་མམ་རེའི་ཐད་དུ་མག་ཕེ་ལཱ་རུ་ཡོད་པའི་ཨེབ་རོན་གྱི་ཞིང་དང་། ཞིང་ལ་ཡོད་པའི་ཕུག་པ་དང་། ཞིང་ལ་ཡོད་པའི་སྐྱེ་ཤིང་དང་བཅས་པ་ཐམས་ཅད་མ་ལུས་པར་ཉོས་སོ། ༡༨ ཡང་དེའི་གྲོང་ཁྱེར་གྱི་སྒོར་བཞུགས་པའི་ཧེད་པ་རྣམས་ཐམས་ཅད་ཀྱི་མིག་གི་མདུན་དུ་ཨབ་ར་ཧམ་གྱིས་བདག་པར་བྱས་སོ༎
༡༩ དེའི་རྗེས་སུ་ཨབ་ར་ཧམ་གྱིས་ཆུང་མ་ས་རཱ་་མམ་རེའི་ཐད་དུ་མག་ཕེ་ལཱ་ཞེས་བྱ་བའི་ཞིང་ལ་ཡོད་པའི་ཕུག་པར་དུར་དུ་བཅུག་གོ། དེ་ནི་ཀ་ན་ཨན་ཡུལ་ན་ཡོད་པའི་ཧེབ་རོན་ཡིན་ནོ། ༢༠ དེ་ལྟར་ཞིང་དང་། དེའི་ནང་ན་ཡོད་པའི་ཕུག་པ་ཧེད་པ་རྣམས་ནས་ཉོས་ནས། ཨབ་ར་ཧམ་གྱི་བརྒྱུད་ཀྱི་དུར་ཁྲོད་དུ་གྱུར་ཏོ༎