༢༢
བྱ་བ་འདི་དག་གི་འོག་ཏུ་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཚོད་བཞེས་ཤིང་དེ་ལ། ཨབ་ར་ཧམ། གསུངས་པ་དང་དེས་ང་འདི་རུ་ཡོད་ཞུས་ནས།  ཁོང་གིས་ད་ཁྱོད་ཀྱིས་རང་གིས་གཅེས་པར་འཛིན་པའི་བུ་གཅིག་པུ་ཨི་སཱག་ཁྲིད་དེ་མོ་རི་ཡཱ་ཡུལ་དུ་སོང་ལ། ངས་ཁྱོད་ལ་བསྟན་པར་བྱ་བའི་རི་ཞིག་ཏུ་ཁོ་སྦྱིན་སྲེག་གི་མཆོད་པར་ཕུལ་བར་བྱོས་ཤིག་ཅེས་བཀའ་བསྩལ་ཏོ།  ཨབ་ར་ཧམ་ཐོ་རངས་ལ་ལངས་ཏེ་བོང་བུ་ཞིག་ལ་སྒ་བསྟད་དེ། ཁོ་རང་གི་བྲན་པོ་རྣམས་ནས་གཉིས་དང་། བུ་ཨི་སཱག་ཁྲིད་དེ་སྦྱིན་སྲེག་གི་ཤིང་བཅད་ནས་ལམ་དུ་ཞུགས་པ་དང་། དཀོན་མཆོག་གིས་དེ་ལ་བཀའ་གནང་བའི་གནས་སུ་སོང་ངོ་།  ཞག་གསུམ་པ་ལ་ཨབ་ར་ཧམ་གྱིས་མིག་བཏེགས་ཏེ་གནས་དེ་རྒྱང་མ་ནས་མཐོང་ངོ་།  ཨབ་ར་ཧམ་གྱིས་བྲན་པོ་ལ། བོང་བུ་དང་བཅས་སུ་འདི་རུ་སྡོད་ཅིག་དང་། ང་རང་དང་བུ་དེར་ཕྱིན་ཏེ་སྨོན་ལམ་བཏབ་ནས་ཁྱོད་ཅག་གི་རྩར་ལོག་ཡོང་ཞེས་བསྒོའོ།  དེ་ནས་ཨབ་ར་ཧམ་གྱིས་སྦྱིན་སྲེག་གི་ཤིང་བླངས་ཏེ་བུ་ཨི་སཱག་གི་རྒྱབ་ལ་བཀལ་ཏེ། རང་གི་ལག་པ་ལ་མེ་དང་གྲི་ཁྱེར་ནས་དེ་གཉིས་མཉམ་དུ་སོང་ངོ་།  དེའི་ཚེ་ཨི་སཱག་གིས་ཕ་ཨབ་ར་ཧམ་ལ་འདི་སྐད་དུ། ངའི་ཕ་ཞེས་ཞུས་པ་དང་། དེས་ངའི་བུ་ང་འདི་རུ་ཡོད་སྨྲས་པ་དང་། ཁོས་གཟིགས་ཤིག མེ་དང་ཤིང་འདུག་ཀྱང་། སྦྱིན་སྲེག་གི་ལུག་དེ་ག་རུ་ཡོད་ཞུས་པ་དང་།  ཨབ་ར་ཧམ་གྱིས། ངའི་བུ་དཀོན་མཆོག་གིས་མཆོད་པར་བྱ་བའི་ལུག་སྦྱོར་བར་འགྱུར་རོ་སྨྲས་ནས། དེ་གཉིས་མཉམ་དུ་སོང་ངོ་༎
 དཀོན་མཆོག་གིས་བསྟན་པའི་གནས་སུ་བསླེབས་ཏེ་ཨབ་ར་ཧམ་གྱིས་དེ་རུ་མཆོད་ཁྲི་བཟོས་ནས་ཤིང་བཤམས་པ་དང་། རང་གི་བུ་ཨི་སཱག་བཅིངས་ནས་མཆོད་ཁྲིའི་ཤིང་གི་སྟེང་དུ་བཞག་གོ། ༡༠ ཡང་ཨབ་ར་ཧམ་གྱིས་ལག་པ་བརྐྱངས་ཏེ་རང་གི་བུ་གསོད་པའི་ཕྱིར་གྲི་ཐོགས་པ་དང་། ༡༡ ཡ་ཧོ་ཝཱའི་ཕོ་ཉས་ནམ་མཁའ་ལས་དེ་ལ་བོས་ཏེ། ཨབ་ར་ཧམཨབ་ར་ཧམ། གསུངས་པ་དང་དེས། ང་འདི་རུ་ཡོད་ཞུས་པ་ལས། ༡༢ དེས་ནི། ཁྱོད་ཀྱི་ལག་པ་ཁྱེའུ་ལ་མ་རེག་ལ་དེ་ལ་ཅི་ཡང་མ་བྱེད་ཅིག ད་ལྟ་ངའི་དོན་དུ་ཁྱོད་ཀྱིས་རང་གི་བུ་གཅིག་པོ་དེ་ལའང་མ་ཕངས་པས། ད་ཁྱོད་དཀོན་མཆོག་ལ་བག་བྱེད་པར་ངས་ཤེས་སོ་གསུངས་སོ། ༡༣ ཡང་ཨབ་ར་ཧམ་གྱིས་མིག་བཏེགས་ཏེ་བལྟས་ནས། ལུག་ཐུག་ཅིག་གི་རྭ་ཚེར་མ་ལ་འཁད་པ་ཞིག་རྒྱབ་ལ་ཡོད་པར་མཐོང་སྟེ། ཨབ་ར་ཧམ་ཕྱིན་ནས་ལུག་ཐུག་བླངས་ནས། བུའི་ཚབ་ལ་སྦྱིན་སྲེག་གི་མཆོད་པར་ཕུལ་ཏོ། ༡༤ ཡང་ཨབ་ར་ཧམ་གྱིས་གནས་དེའི་མིང་ལ་ཡ་ཧོ་ཝཱས་སྦྱོར་བར་འགྱུར་ཞེས་མིང་བཏགས་སོ། དེའི་ཕྱིར་དེ་རིང་གི་བར་དུ་ཡ་ཧོ་ཝཱའི་རི་ན་སྦྱོར་བར་འགྱུར་ཞེས་ཟེར་རོ༎
༡༥ ཡང་ལན་གཉིས་པ་ལ་ཡ་ཧོ་ཝཱའི་ཕོ་ཉས་ནམ་མཁའ་ལས་ཨབ་ར་ཧམ་ལ་བོས་ཏེ་གསུངས་པ། ༡༦ ཡ་ཧོ་ཝཱའི་བཀའ་འདི་ལྟར་རོ། ཁྱོད་ཀྱིས་སྤྱོད་པ་འདི་བྱས་ཏེ་ཁྱོད་རང་གི་བུ་གཅིག་པོ་ལའང་མ་ཕངས་པའི་ཕྱིར་དུ། ༡༧ ངས་ཁྱོད་ཀྱི་བུ་བརྒྱུད་བྱིན་གྱིས་བརླབས་ནས། ནམ་མཁའ་ལ་ཡོད་པའི་སྐར་མ་དང་རྒྱ་མཚོའི་འགྲམ་ན་ཡོད་པའི་བྱེ་མ་ལྟར་སྤེལ་ཞིང་། ཁྱོད་ཀྱི་བུ་བརྒྱུད་ཀྱིས་དགྲ་བོ་རྣམས་ཀྱི་རྟ་སྒོའི་བདག་པོར་འགྱུར་འོང་། ༡༨ ཁྱོད་ཀྱི་བུ་བརྒྱུད་ནས་ས་གཞིའི་མི་རབས་ཐམས་ཅད་ལ་བྱིན་རླབས་འབྱུང་བར་འགྱུར། ཁྱོད་ངའི་བཀའ་ལ་ཉན་པའི་ཕྱིར་རོ་ཞེས་བཀའ་གནང་ངོ་། ༡༩ དེ་ནས་ཨབ་ར་ཧམ་བྲན་པོ་རྣམས་ཀྱི་རྩར་ཕྱིར་ལོག་ནས། ལངས་ཏེ་དེ་དག་དང་མཉམ་དུ་བེ་ཨེར་ཤེ་བཱ་རུ་སོང་བ་དང་། ཨབ་ར་ཧམ་་བེ་ཨེར་ཤེ་བཱ་རུ་གནས་སོ༎
༢༠ ཡང་བྱ་བ་དེ་དག་གི་རྗེས་ལ་ཨབ་ར་ཧམ་ལ། ལྟོས་ཤིག ཁྱོད་ཀྱིས་སྤུན་ན་ཧོར་ལ་ཡང་མིལ་ཀཱ་དང་བར་ལ་བུ་རྣམས་སྐྱེས་སོ་ཞེས་བཤད་པ་ཡིན། ༢༡ སྔོན་སྐྱེས་ཨུས་བྱ་བ་དང་། དེའི་ནུ་བོ་བུས་དང་། ཨ་རམ་གྱི་ཕ་ཁེ་མུ་ཨེལ་དང་། ༢༢ ཀེ་སེད་དང་། ཧ་ཟོ་དང་། ཕིལ་དཱས་དང་། ཡིད་ལབ་དང་། བེ་ཐུ་ཨེལ་དང་བརྒྱད་དོ། ཡང་བེ་ཐུ་ཨེལ་ནས་རིབ་ཀཱ་ཆད་དོ། ༢༣ ཨབ་ར་ཧམ་གྱི་སྤུན་ན་ཧོར་ལ་མིལ་ཀཱ་དང་བར་ལ་དེ་བརྒྱད་སྐྱེས་སོ། ༢༤ དེའི་ཟུར་གྲོགས་རེ་ཨུ་མཱ་ཞེས་བྱ་བ་ལ་ཡང་བུ་རྣམས་སྐྱེས་ཏེ་ཐེ་བག་དང་། ག་ཧམ་དང་། ཐ་ཧ་ཤཱ་དང་། མ་ཨ་ཀཱ་དང་བཞིའོ༎