༢༡
ཡ་ཧོ་ཝཱས་གསུངས་པ་བཞིན་དུ་ས་རཱ་ལ་ཐུགས་བརྩེ་བར་དགོངས་ནས། ཡ་ཧོ་ཝཱས་གསུངས་པ་ལྟར་ས་རཱ་ལ་མཛད་དོ།  དེ་ནས་མངལ་དང་ལྡན་པར་གྱུར་ཏེ། དཀོན་མཆོག་གིས་ཨབ་ར་ཧམ་ལ་སྔོན་ལ་གསུངས་པའི་དུས་སུ་ཨབ་ར་ཧམ་རྒས་པའི་ཚེ་ས་རཱ་ལ་བུ་ཞིག་བྱོར་ཏོ།  ཡང་ཨབ་ར་ཧམ་གྱིས་རང་ལ་ས་རཱ་ནས་ཐོབ་པའི་བུ་དེའི་མིང་ཨི་སཱག་ཅེས་བཏགས་སོ།  ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་བཀའ་གནང་བ་བཞིན་དུ་ཞག་བརྒྱད་ལོན་ནས་རང་གི་བུ་ཨི་སཱག་གཙང་མ་བྱས་སོ།  ཨབ་ར་ཧམ་ལ་བུ་ཨི་སཱག་བྱོར་བའི་ཚེ་ལོ་བརྒྱ་ལོན་ནོ།  ས་རཱས་དཀོན་མཆོག་གིས་ང་དགོད་དུ་བཅུག་པར་མཛད་ཐོས་པ་ཐམས་ཅད་ང་དང་མཉམ་དུ་དགོད་པར་འགྱུར་སྨྲས་ནས།  ཡང་དེས། ས་རཱས་ཕྲུ་གུ་རྣམས་ལ་ནུ་ཞོ་སྟེར་བར་བྱ། ཁོ་ནི་རྒས་ཚེ་ང་ལ་བུ་ཞིག་སྐྱེས་ཞེས་སུས་ཨབ་ར་ཧམ་ལ་ཟེར་བར་ནུས་ཞེས་སྨྲས་སོ༎
 ཕྲུ་གུ་ཆེར་སྐྱེས་ཏེ་འོ་མ་བཅད་པ་དང་། ཨི་སཱག་འོ་མ་གཅོད་པའི་ཉིན་པར་ཨབ་ར་ཧམ་གྱིས་སྟོན་མོ་ཆེན་པོ་ཞིག་བྱས་སོ༎
 ཡང་ཨབ་ར་ཧམ་ལ་ཧ་གར་་མི་སེར་མ་ནས་བརྙེད་པའི་བུ་དེས་འཕྱ་བ་ས་རཱ་ཡིས་མཐོང་ངོ་། ༡༠ དེའི་ཕྱིར་ཨབ་ར་ཧམ་ལ། བྲན་མོ་དེ་བུ་དང་བཅས་སུ་ཕྱི་རོལ་ཏུ་ཐོན་ཞིག བྲན་མོ་དེའི་བུ་ནི་ངའི་བུ་ཨི་སཱག་དང་ནོར་སྐལ་མཉམ་པར་འགྱུར་བའི་མི་རིགས་སོ་ཞེས་ཟེར་ཏོ། ༡༡ ཨབ་ར་ཧམ་ནི་རང་གི་བུའི་དོན་དུ་ཟེར་བའི་གཏམ་གྱི་ཕྱིར་ཤིན་ཏུ་མི་དགའ་སྟེ། ༡༢ དཀོན་མཆོག་གིས་ཨབ་ར་ཧམ་ལ་བཀའ་སྩལ་པ། ཁྱེའུ་དང་ཁྱོད་ཀྱི་བྲན་མོའི་ཕྱིར་དུ་མྱ་ངན་མ་སྐྱེད་དེ། ས་རཱ་ཡིས་ཁྱོད་ལ་ཇི་སྨྲས་པ་བཞིན་དུ་དེའི་ཁ་ལ་ཉོན་ཅིག ཨི་སཱག་གི་མིང་ནས་ཁྱོད་ཀྱི་རིགས་བརྒྱུད་འབྱུང་བར་འགྱུར་རོ། ༡༣ བྲན་མོའི་བུ་ནི་ཁྱོད་ཀྱི་ས་བོན་ཡིན་པས། དེ་ཡང་མི་བརྒྱུད་ཅིག་ཏུ་བྱའོ༎
༡༤ དེ་ནས་ཨབ་ར་ཧམ་གྱིས་ཐོ་རངས་ལ་ལངས་ནས་བག་ལེབ་དང་ཆུ་རྐྱལ་བཟུང་སྟེ་ཧ་གར་གྱི་གཉའ་བ་ལ་བཀལ་ཏེ་བུ་དང་བཅས་པ་བཏང་ནས་འགྲོར་བཅུག ཁོ་སོང་ནས་བེ་ཨེར་ཤེ་བཱ་བྱ་བའི་འབྲོག་སྟོང་གི་ནང་ན་འཁྱར་རོ། ༡༥ རྐྱལ་པའི་ཆུ་ཟིན་ཏེ་ཕྲུ་གུ་ཤིང་སྡོང་གི་འོག་ཏུ་བཞག་ནས། ༡༦ མདའ་རྒྱང་གང་ཙམ་ཕ་ཟད་སོང་སྟེ་དེའི་ཐད་དུ་བསྡད་དེ། བུ་འཆི་བ་མཐོང་མི་ཕོད་དོ་སྨྲས་ནས། དེའི་ཐད་དུ་བསྡད་ནས་ངུ་སྐད་བཏོན་ནོ། ༡༧ ཡང་དཀོན་མཆོག་གིས་ཁྱེའུ་ཡི་སྐད་གསན་ནས། དཀོན་མཆོག་གི་ཕོ་ཉས་ནམ་མཁའ་ནས་ཧ་གར་ལ་བོས་ཏེ་དེ་ལ། ཧ་གར། ཁྱོད་ལ་ཅི་བྱུང་། མ་འཇིགས་ཤིག དཀོན་མཆོག་གིས་བུ་གང་ན་ཡོད་པའི་ས་ནས་དེའི་སྐད་གསན་ཏོ། ༡༨ ལོངས་ལ་ཁྱེའུ་སླངས་ཏེ་ཁྱོད་ཀྱི་ལག་གིས་ཟུང་ཞིག ཅི་ལ་ཞེ་ན། ངས་ཁོ་རང་མི་བརྒྱུད་ཆེན་པོ་ཞིག་ཏུ་བྱའོ་གསུངས་སོ། ༡༩ དེ་ནས་དཀོན་མཆོག་གིས་དེའི་མིག་ཕྱེ་སྟེ། དེས་ཆུ་མིག་ཅིག་མཐོང་བ་དང་། དེ་རུ་སོང་སྟེ་ཆུ་རྐྱལ་ཆུས་བཀང་ནས་ཁྱེའུ་ལ་འཐུང་བཅུག་གོ། ༢༠ ཡང་དཀོན་མཆོག་གིས་ཁྱེའུ་དང་འགྲོགས་ཏེ་ཆེར་སྐྱེས་ནས། འབྲོག་སྟོང་ལ་གནས་ཏེ་མདའ་པ་དཔའ་ཅན་ཏུ་གྱུར་ཏོ། ༢༡ ཁོ་ཕ་རན་བྱ་བའི་འབྲོག་སྟོང་ན་གནས་ཏེ། དེའི་ཨ་མས་མི་སེར་ཡུལ་གྱི་བུ་མོ་ཞིག་ཁོ་ལ་བག་མར་བླངས་སོ༎
༢༢ དེའི་ཚེ་ཨ་བི་མེ་ལེག་དང་། དེའི་དམག་དཔོན་ཕི་ཀོལ་བྱ་བས་ཨབ་ར་ཧམ་ལ་འདི་སྐད་དུ། དཀོན་མཆོག་གིས་ཁྱེད་ཀྱིས་བྱེད་པའི་ལས་ཐམས་ཅད་ལ་སྐྱབས་མཛད་པས། ༢༣ ཁྱོད་ཀྱིས་ང་རང་དང་། ངའི་བུ་རྣམས་དང་། ངའི་བུ་བརྒྱུད་ལ་གཡོ་སྒྱུ་མི་བྱེད་པར། ངས་ཁྱོད་ལ་དྲིན་བྱས་པ་བཞིན་དུ་ང་རང་དང་། ཁྱོད་གནས་པའི་ཡུལ་འདི་ལ་དྲིན་གཟོ་བའི་མནའ་བོར་ཞིག་ཅེས་སྨྲས་སོ། ༢༤ ཨབ་ར་ཧམ་གྱིས་ངས་མནའ་འབོར་བར་བྱ།
༢༥ ཡང་ཨབ་ར་ཧམ་གྱིས་ཨ་བི་མེ་ལེག་གི་གཡོག་པོ་རྣམས་ཀྱིས་ཁྲོན་པ་དབང་གིས་ཕྲོགས་པའི་ཕྱིར་དུ་བཀའ་བཀྱོན་པས། ༢༦ ཨ་བི་མེ་ལེག་གིས། མི་སུ་ཞིག་གིས་དེ་ལྟར་བྱས་པ་ང་ལ་ཆ་མེད། ཁྱེད་ཀྱིས་ཀྱང་ང་ལ་མ་བཤད། དེ་རིང་ལས་སྔོན་དུ་ངས་ཐོས་ཀྱང་མ་ཐོས་མ་སྨྲས་སོ། ༢༧ དེ་ནས་ཨབ་ར་ཧམ་གྱིས་ལུག་དང་བ་གླང་རྣམས་ཁྲིད་དེ་ཨ་བི་མེ་ལེག་ལ་བཏང་ནས་དེ་གཉིས་ཀྱིས་ཆད་ཀ་༼ཁ་ཆད་༽བྱས་སོ། ༢༨ ཨབ་ར་ཧམ་གྱིས་མོ་ལུག་བདུན་ཟུར་དུ་བཞག་པས། ༢༩ ཨ་བི་མེ་ལེག་གིས་ཨབ་ར་ཧམ་ལ། ཟུར་དུ་བཞག་པའི་ལུག་གུ་བདུན་འདིའི་དོན་ཅི་ཡིན་སྨྲས་པས། ༣༠ ཁོས་ངས་ཁྲོན་པ་འདི་བྲུས་པའི་དཔང་པོར་འགྱུར་བའི་ཕྱིར་ཁྱོད་ཀྱིས་ངའི་ལག་པ་ནས་མོ་ལུག་བདུན་པོ་འདི་ལོངས་ཤིག ༣༡ དེ་ལྟར་དེ་གཉིས་དེ་རུ་མནའ་བོར་བའི་ཕྱིར་དུ་གནས་འདི་ལ་བེ་ཨེར་ཤེ་བཱ་ཞེས་ཟེར་རོ། ༣༢ དེ་ལྟར་དེ་དག་གིས་བེ་ཨེར་ཤེ་བཱ་རུ་ཆད་ཀ་བྱས་ནས། ཨ་བི་མེ་ལེག་དང་། དམག་དཔོན་ཕི་ཀོལ་སོང་སྟེ་ཕེ་ལེ་ཤེད་པའི་ཡུལ་དུ་ཕྱིར་ལོག་གོ། ༣༣ ཨབ་ར་ཧམ་གྱིས་བེ་ཨེར་ཤེ་བཱ་ན་འོམ་བུ་ཞིག་བཙུགས་ནས། དེ་རུ་ཡ་ཧོ་ཝཱ་ཐོག་མཐའ་མེད་པའི་དཀོན་མཆོག་མཚན་ནས་བརྗོད་དོ། ༣༤ ཡང་ཨབ་ར་ཧམ་་ཕེ་ལེ་ཤེད་པའི་ཡུལ་ན་ཡུན་རིང་པོའི་བར་དུ་གནས་སོ༎