༢༠
ཡང་ཨབ་ར་ཧམ་དེ་ནས་ལྷོ་ཕྱོགས་ཀྱི་ཡུལ་དུ་སོང་ནས་ཁ་དཱེས་དང་ཤུར་གྱི་བར་ལ་གནས་ཏེ། གེ་རར་དུ་རྒྱལ་ཁམས་པ་ལྟར་གནས་སོ། ༢ ཡང་ཨབ་ར་ཧམ་རང་གི་ཆུང་མ་ས་རཱ་ལ་ལྟ་སྟེ། མོ་ནི་ངའི་སྲིང་མོ་ཡིན་སྨྲས་པས། གེ་རར་གྱི་རྒྱལ་པོ་ཨ་བི་མེ་ལེག་བྱ་བས་མི་བཏང་སྟེ་ས་རཱ་ལེན་བཅུག་གོ། ༣ མཚན་མོའི་རྨི་ལམ་ནང་དཀོན་མཆོག་ཨ་བི་མེ་ལེག་གི་རྩར་བྱོན་ཏེ་དེ་ལ། ལྟོས་ཤིག་ཁྱོད་ཀྱིས་བླངས་པའི་བུད་མེད་ཀྱི་ཕྱིར་ཁྱོད་ཤི་དགོས། དེ་ནི་ཁྱོ་ཞིག་གི་ཆུང་མ་ཡིན་ཅེས་གསུངས་སོ། ༤ ཨ་བི་མེ་ལེག་གིས་དེ་ལ་མ་རེག་པས་ཞུས་པ། གཙོ་བོ་ཁྱེད་ཀྱིས་མི་བརྒྱུད་ཆོས་དྲང་པོ་ཡང་མེད་པར་མཛད་དམ། ༥ ཁོ་རང་གིས་ང་ལ་མོ་ནི་ངའི་སྲིང་མོ་ཡིན་མ་ཟེར་རམ། མོ་དེ་རང་གིས་ཀྱང་ཁོ་ལ་ལྟ་སྟེ་ཁོ་ངའི་མིང་པོ་ཡིན་ཟེར་པ་ཡིན། ངའི་སྙིང་ལ་གནོང་མེད་ཅིང་ལག་པ་ཡང་སྐྱོན་མེད་པར་དེ་བྱས་སོ། ༦ ཡང་དཀོན་མཆོག་གིས་རྨི་ལམ་གྱི་སྒོ་ནས་དེ་ལ་འདི་སྐད་དུ། ཁྱོད་ཀྱི་སྙིང་ལ་གནོང་མེད་པར་དེ་ལྟར་བྱས་པ་ངས་ཤེས། ཁྱོད་ངའི་མདུན་དུ་སྡིག་པ་མི་བྱེད་པའི་ཕྱིར་ངས་ཁྱོད་སྲུང་། དེའི་ཕྱིར་དུ་ངས་ཁྱོད་དེ་ལ་མི་རེག་པར་བྱས། ༧ ད་མི་དེའི་ཆུང་མ་ཕྱིར་ལོག་སྤྲོད་ཅིག ཁོ་ནི་ལུང་སྟོན་པ་ཡིན་ཏེ། ཁྱོད་གསོན་པོར་གནས་པའི་ཕྱིར་ཁོས་ཁྱོད་ཀྱི་དོན་དུ་གསོལ་བ་འདེབས་ཡོང་། ཇི་སྟེ་ཕྱིར་ལོག་མི་གཏོང་ན། ཁྱོད་དང་ཁྱོད་ཀྱི་ཡིན་པ་ཐམས་ཅད་ཤི་བར་འགྱུར་བ་ངེས་པར་ཤེས་ཤིག་ཅེས་བཀའ་གནང་ངོ་༎༨ དེ་ནས་ཨ་བི་མེ་ལེག་ཐོ་རངས་ལ་ལངས་ཏེ་གཡོག་འཁོར་ཐམས་ཅད་བོས་ནས། དེ་དག་གི་རྣ་བ་ལ་གཏམ་དེ་ཐམས་ཅད་བཤད་པས། དེ་ཚོ་ཤིན་ཏུ་འཇིགས་སྐྲགས་སོ། ༩ ཡང་ཨ་བི་མེ་ལེག་གིས་ཨབ་ར་ཧམ་བོས་ཏེ་དེ་ལ། ཁྱོད་ཀྱིས་ང་ཚོ་ལ་ཅི་བྱས། ཁྱོད་ཀྱིས་ང་དང་ངའི་ཡུལ་ལ་ཉེས་པ་འདི་ཙམ་ཆེན་པོ་ཞིག་དྲངས་པས། ངས་ཁྱོད་ལ་ཉེས་པ་ཅི་བྱས། མི་རུང་བའི་བྱ་བ་ནི་ཁྱོད་ཀྱིས་ང་ལ་བྱས་སོ། ༡༠ ཡང་ཨ་བི་མེ་ལེག་གིས་ཨབ་ར་ཧམ་ལ། ཁྱོད་ཀྱིས་ཅི་མཐོང་ནས་དེ་ལྟར་བྱས་པ་ཡིན་སྨྲས་སོ། ༡༡ ཨབ་ར་ཧམ་གྱིས། གནས་འདི་རུ་དཀོན་མཆོག་ལ་འཇིགས་པ་ནི་ཡོངས་སུ་མེད་པས། དེ་དག་གིས་ཆུང་མའི་ཕྱིར་ང་རང་གསོད་ཡོང་བསམས་སོ། ༡༢ ཁོ་བདེན་པར་ངའི་སྲིང་མོ་ཡང་ཡིན། ངའི་ཕའི་བུ་མོ་ཡིན་རུང་ངའི་མའི་བུ་མོ་མ་ཡིན་པས། དེ་ལྟར་ངའི་ཆུང་མ་གྱུར་ཏོ། ༡༣ དེ་ནས་དཀོན་མཆོག་གིས་ངའི་ཕའི་ཁང་པ་ནས་འགྲོར་འཇུག་པར་མཛད་པའི་ཚེ་ངས་དེ་ལ། ཁྱོད་ང་ལ་དྲིན་འདི་བྱོས། གང་ཡང་རུང་བའི་གནས་སུ་ང་ཅག་སླེབ་ན། ཁོ་ངའི་མིང་པོ་ཡིན་སྨྲོས་ཤིག ༡༤ དེ་ནས་ཨ་བི་མེ་ལེག་གིས་ལུག་དང་། བ་གླང་དང་། གཡོག་པོ་དང་། གཡོག་མོ་རྣམས་ཁྲིད་དེ་ཨབ་ར་ཧམ་ལ་བསྟེར་བ་དང་། ཆུང་མ་ས་རཱ་ཁོ་ལ་ཕྱིར་ལོག་བཏང་ངོ་། ༡༥ ཡང་ཨ་བི་མེ་ལེག་གིས། ད་ངའི་ཡུལ་ཁྱོད་ཀྱི་མདུན་དུ་ཡོད་དེ། ཁྱོད་ག་རུ་དགའ་བའི་གནས་སུ་གཞིས་ཟུང་ཞིག ༡༦ ཡང་ས་རཱ་ལ། ད་ངས་ཁྱོད་ཀྱི་མིང་པོ་ལ་བསྟེར་བའི་དངུལ་སྟོང་དེ་ཁྱོད་དང་བཅས་སུ་ཡོད་པ་ཐམས་ཅད་ཀྱི་མདུན་དུ་དང་། གང་ཡང་རུང་བའི་གནས་སུ་ཁྱོད་ཀྱི་མིག་གི་ཁེབས་ཡིན། ཁྱོད་སྐྱོན་མེད་པར་གྱུར་པ་ཡིན་ཞེས་སྨྲས་སོ། ༡༧ ཨབ་ར་ཧམ་གྱིས་དཀོན་མཆོག་ལ་གསོལ་བ་བཏབ་པས། དཀོན་མཆོག་གིས་ཨ་བི་མེ་ལེག་དང་། རང་གི་ཆུང་མ་དང་། གཡོག་པོ་རྣམས་གསོ་བར་མཛད་དེ། དེ་དག་ལ་ཕྲུ་གུ་སྐྱེས་སོ། ༡༨ ཡ་ཧོ་ཝཱས་ཨབ་ར་ཧམ་གྱི་ཆུང་མ་ས་རཱའི་རྐྱེན་གྱིས་ཨ་བི་མེ་ལེག་གི་ཁང་པར་མངལ་ཚང་མ་ཡོངས་སུ་བཀག་པར་མཛད་དོ༎