༡༩
ཡང་ཕོ་ཉ་དེ་གཉིས་ནུབ་མོ་སོ་དོམ་དུ་བསླེབས་ཏེ། ལོད་་སོ་དོམ་གྱི་རྒྱ་སྒོ་ལ་བསྡད་ཡོད་པ་དང་། མཐོང་སྟེ་གདན་བསུ་བའི་ཕྱིར་དེ་དག་གི་མདུན་དུ་ལངས་ནས་མགོ་ཞུམ་པ་དང་།  ད་གཟིགས་ཤིག་ཇོ་བོ་རྣམས་བྲན་གྱི་ཁང་པའི་ནང་དུ་ཕེབས་ནས་ཞག་སྡོད་མཛད་དེ་ཞབས་འཁྲུད་པར་མཛོད། དེ་ནས་ཐོ་རངས་ལ་བཞེངས་ཏེ་ཁྱེད་རང་གི་ལམ་ལ་ཕེབས་ཤིག་ཅེས་ཞུས་སོ། དེ་དག་གིས་གསུངས་པ། མི་འོང་། སྲང་ལ་བསྡད་དོ།  ཁོས་ཤིན་ཏུ་ནན་གྱིས་ཞུས་པའི་ཕྱིར་དེ་དག་ཁོ་དང་མཉམ་པོ་ཕེབས་ཏེ་ཁང་པའི་ནང་དུ་ཞུགས་སོ། ཁོས་དེ་དག་ལ་ཁ་ཟས་བཤམས་ཤིང་། སྐྱུར་རྩི་མེད་པའི་བག་ལེབ་བཙོས་ནས་ཁོང་རྣམས་གསོལ་ལོ།  དེ་དག་ད་རུང་མ་གཟིམ་པར་སོ་དོམ་གྲོང་ཁྱེར་གྱི་མི་རྒན་བྱིས་མ་ལུས་པ་ཐམས་ཅད་ཁང་པ་དེ་ལ་བསྐོར་ཏེ་བསྡད་དོ།  ཡང་ལོད་ལ་བོས་ཏེ་དེ་ལ། ད་མཚན་ལ་ཁྱོད་རྩར་འོངས་པའི་མི་ག་ན་ཡོད། ང་ཚོ་དེ་དག་དང་སྦྱོར་བ་བྱེད་དུ་ཕྱི་རུ་ཁྲིད་ཤོག་སྨྲས་སོ།  ལོད་ཕྱི་རོལ་གྱི་སྒོ་འགྲམ་དུ་དེ་དག་གི་རྩར་སོང་ནས་རང་གི་རྒྱབ་ཏུ་སྒོ་བརྒྱབ་བོ།  ཁོས་དེ་དག་ལ། ངའི་སྤུན་དེ་ལྟར་ངན་པ་ཞིག་མ་བྱེད་ཅིག  ད་ལྟོས་ཤིག ང་ལ་ད་རུང་མི་སུ་དང་མ་འགྲོགས་པའི་བུ་མོ་གཉིས་ཡོད་དེ། ངས་དེ་དག་ཁྱོད་ཅག་གི་རྩར་ཕྱི་རུ་འཁྲིད་དུ་ཆུག་ལ་ཁྱོད་ཚོའི་མིག་གི་མདུན་དུ་དེ་དག་ལ་ཅི་བྱེད་པར་འདོད་པ་བྱོས་ཤིག འོན་ཀྱང་ངའི་ཁང་པའི་ནང་དུ་ཞུགས་པའི་མི་འདི་ལ་ཅི་ཡང་མ་བྱེད་ཅིག་ཅེས་སྨྲས་སོ།  དེ་དག་གིས་དེ་ལ་ཕར་སོང་ཞིག་ཟེར་ཏོ། དེ་དག་གིས་ཁྱོད་འདིར་འཁོད་དུ་ཡོངས་པས། ད་ཁྲིམས་བྱེད་དམ། ད་ང་ཚོས་དེ་དག་ལས་ཁྱོད་ལ་ངན་པར་བྱའོ་སྨྲས་ཏེ། ལོད་ནི་དྲག་ཏུ་མནན་པ་དང་། སྒོ་ཡང་ཆག་ཉེན་བྱུང་ངོ་། ༡༠ འོན་ཀྱང་མི་དེ་དག་རང་གི་ཕྱག་ཕྱི་རུ་བརྐྱངས་ཏེ། ལོད་ཁང་པའི་ནང་དུ་རང་གི་ཕྱོགས་སུ་དྲངས་ནས་སྒོ་བརྒྱབ་བོ། ༡༡ ཁོ་རྣམས་ཀྱིས་ཕྱི་སྒོའི་མདུན་དུ་ཡོད་པའི་མི་རྒན་པོ་ནས་བྱིས་པའི་བར་གྱི་མིག་འཕྲུལ་བར་བྱས་པས། དེ་དག་གིས་སྒོ་ཐོབ་པ་ལ་བརྩོན་པར་བྱས་སོ༎
༡༢ ཡང་མི་དེ་དག་གིས་ལོད་ལ། འདི་རུ་ཁྱོད་ཀྱི་བུ་མོའི་མག་པ་ཞིག་ཡོད་དམ། ཁྱོད་ཀྱི་བུ་དང་བུ་མོ་རྣམས་དང་གྲོང་ཁྱེར་ན་ཁྱོད་ཀྱི་ཡིན་པ་ཐམས་ཅད་ཡུལ་འདིའི་ནང་ནས་ཁྱེར། ༡༣ ཅི་ལ་ཟེར་ན། ཡུལ་འདིའི་གནས་ཚུལ་ངན་པའི་གཏམ་ཡ་ཧོ་ཝཱའི་ཞལ་གྱི་དྲུང་དུ་ཆེ་སྟེ། ཡུལ་འདི་མེད་པར་བྱེད་དུ་ཡ་ཧོ་ཝཱས་ངེད་མངགས་པས། ངེད་ཀྱིས་ཡུལ་འདི་མེད་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། ༡༤ དེའི་ཚེ་ལོད་རང་གི་བུ་མོ་བག་མར་ལེན་པར་བྱས་པའི་མག་པའི་རྩར་ཕྱི་རུ་སོང་སྟེ། ལོངས་ལ་ཡུལ་འདིའི་ནང་ནས་སོང་ཞིག ཅི་ལ་ཞེ་ན། ཡ་ཧོ་ཝཱས་ཡུལ་འདི་མེད་པར་མཛད་པར་འགྱུར་རོ་སྨྲས་སོ། འོན་ཀྱང་དེ་ནི་མག་པ་རྣམས་ཀྱི་མིག་ལ་དགོད་བྲོ་བྱེད་པ་ལྟར་མཐོང་ངོ་༎
༡༥ ནམ་ལངས་ཏེ་ཕོ་ཉ་རྣམས་ཀྱིས་ལོད་ལ། ཡུལ་ཆད་པས་འཇིག་པ་དང་མཉམ་དུ་ཁྱོད་ཀྱང་འཇིག་པར་མི་འགྱུར་བའི་ཕྱིར་ལོངས་ལ་འདི་རུ་ཡོད་པའི་ཆུང་མ་དང་བུ་མོ་གཉིས་ཁྲིད་ཅིག་ཅེས་ནན་གྱིས་བསྐུལ་ཡང་། ༡༦ ཁོ་འགོར་བས། ཡ་ཧོ་ཝཱ་ཐུགས་རྗེས་དེ་ལ་སྐྱབས་མཛད་པའི་ཕྱིར་མི་དེ་དག་གིས་ཁོ་དང་། ཁོའི་ཆུང་མ་དང་། བུ་མོ་གཉིས་ཀྱི་ལག་པ་ནས་བཟུང་ཞིང་ཕྱི་རོལ་དུ་ཁྲིད་པ་དང་། གྲོང་ཁྱེར་གྱི་ཕྱི་རོལ་དུ་ལུས་པར་བྱས་སོ། ༡༧ དེ་ནས་དེ་དག་ཁོ་རྣམས་ཕྱི་རོལ་དུ་ཁྲིད་ནས། ཁོང་གིས། ཁྱོད་ཀྱི་སྲོག་སྐྱོབ་ཏུ་བྲོས་ལ་ཕྱི་མིག་མ་ལྟ་བར་ཡུལ་འདི་ཚང་མ་ལ་མ་སྡོད་ཅིག ཁྱོད་མེད་པར་མི་འགྱུར་བའི་ཕྱིར་རི་ཁྲོད་ལ་བྲོས་ཤིག་ཅེས་བཀའ་གནང་ངོ་། ༡༨ ལོད་ཀྱིས་དེ་དག་ལ་ཞུས་པ། གཙོ་བོ་དེ་ལྟར་མ་མཛད་ཅིག ༡༩ གཟིགས་ཤིག ཁྱེད་བྲན་ལ་ཐུགས་རྗེས་གཟིགས་པ་ཐོབ་ཅིང་། ཁྱེད་ངའི་སྲོག་འཚོ་བར་མཛད་པའི་ཐུགས་བརྩེ་བ་དེ་ཆེ་སྟེ། ང་རི་ཁྲོད་ལ་འབྲོས་མི་ཐུབ། འཇིགས་པས་ང་བཟུང་སྟེ་ང་ཤི་བར་འགྱུར་བའི་ཕྱིར་རོ། ༢༠ ད་ཡུལ་ཚོ་དེ་ཉེ་བས་དེ་རུ་འབྲོས་ཐུབ་སྟེ། དེ་ཆུང་བ་ཞིག་མ་ཡིན་ནམ། ང་དེར་འགྲོ་རུ་གནོང་དང་ངའི་སྲོག་ཐར་བར་འགྱུར་རོ་ཞུས་ནས། ༢༡ ཁོང་གིས་དེ་ལ། ཁྱོད་ཡུལ་དེའི་ཕྱིར་ཞུས་པ་བཞིན་དུ་ཡང་ངས་བྱས་ནས། ཡུལ་དེ་མེད་པར་མི་བྱ། ༢༢ དེ་རུ་བྲོས་ལ་རྒྱུགས་ཤིག ཁྱེད་དེ་རུ་མ་བསླེབ་པའི་བར་དུ་ངས་ཅི་ཡང་བྱེད་པར་མི་ཐུབ་བོ། དེའི་ཕྱིར་ཡུལ་དེའི་མིང་ཚོ་ཨར་ཞེས་བཏགས་སོ༎
༢༣ ལོད་་ཚོ་ཨར་གྱི་ནང་དུ་ཞུགས་པའི་ཚེ་ཉི་མ་ས་ལ་ཤར་རོ། ༢༤ དེ་ནས་ཡ་ཧོ་ཝཱས་སོ་དོམ་དང་གོ་མོ་རཱ་ལ་མུ་ཟི་དང་མེ་ནམ་མཁའ་ལ་བཞུགས་པའི་ཡ་ཧོ་ཝཱའི་ཕྱོགས་ནས་ཕབ་པ་དང་། ༢༥ ཁོང་གིས་གྲོང་ཁྱེར་དེ་དང་ཡུལ་འཁོར་ཚང་མ་དང་། གྲོང་ཁྱེར་གྱི་མི་ཐམས་ཅད་དང་། ཡུལ་གྱི་རྩྭ་མེད་པར་མཛད་དོ། ༢༦ འོན་ཀྱང་ཁོའི་ཆུང་མ་ཕྱི་མིག་བལྟས་པས་ཚྭའི་ཀ་བ་ཞིག་ཏུ་གྱུར་ཏོ། ༢༧ ཐོ་རངས་ལ་ཨབ་ར་ཧམ་ཁོ་རང་ཡ་ཧོ་ཝཱའི་སྤྱན་སྔར་འདུག་པའི་གནས་སུ་ཆས་པ་དང་། ༢༨ སོ་དོམ་དང་། གོ་མོ་རཱ་དང་ལུང་པའི་ཡུལ་འཁོར་ཐམས་ཅད་ཀྱི་ཕྱོགས་སུ་བལྟས་ནས། ལྟོས་ཤིག བཞུ་བའི་ཐབ་ཀྱི་དུད་པ་ལྟར་ས་ནས་དུད་པ་འཐོན་པར་མཐོང་ངོ་། ༢༩ དཀོན་མཆོག་གིས་ལུང་པའི་ཡུལ་རྣམས་མེད་པར་མཛད་པའི་ཚེ། དཀོན་མཆོག་གིས་ཨབ་ར་ཧམ་ཐུགས་ལ་དྲན་པས། ལོད་འདུག་པའི་ཡུལ་མེད་པར་མཛད་པའི་སྒང་ལ་ཡོད་དེ། འཇིག་པའི་ནང་ནས་ལོད་འཁྲིད་པར་མཛད་པར་གྱུར་ཏོ༎
༣༠ ཡང་ལོད་་ཚོ་ཨར་ན་གནས་པར་འཇིགས་པས། ཚོ་ཨར་ནས་སོང་ནས། བུ་མོ་གཉིས་དང་བཅས་པ་རི་ཁྲོད་ན་གནས་ཏེ། ཁོ་བུ་མོ་གཉིས་དང་མཉམ་དུ་ཕུག་པ་ཞིག་ནང་གནས་སོ། ༣༡ དེའི་ཚེ་ཨ་ཆེས་ནུ་མོ་ལ། ངེད་ཀྱི་ཕ་རྒས་ཏེ་འཇིག་རྟེན་ཐམས་ཅད་ཀྱི་ལུགས་བཞིན་དུ་ངེད་དང་འགྲོགས་པར་བྱེད་པའི་མི་ཞིག་ས་རུ་མེད། ༣༢ ད་ངེད་ཀྱི་ཕ་རྒུན་ཆང་འཐུང་དུ་བཅུག་ནས། ངེད་ཀྱི་ཕ་ནས་བརྒྱུད་ཀྱི་ས་བོན་ཐོབ་པའི་ཕྱིར་ངེད་རྣམས་ཁོ་དང་འགྲོགས་པར་འགྱུར་རོ་ཞེས་སྨྲས་སོ། ༣༣ དེ་དག་གིས་དེ་རང་གི་མཚན་མོ་ལ་རང་གི་ཕ་ལ་རྒུན་ཆང་འཐུང་བཅུག་ནས། ཨ་ཆེ་ནང་དུ་ཞུགས་ཏེ་ཕ་དང་འགྲོགས། ཁོས་ནི་དེ་ཉལ་བ་ཡང་མ་ཤེས་ལང་བ་ཡང་མ་ཤེས་སོ། ༣༤ ཨ་ཆེས་སྔ་མོ་ལ་ནུ་མོ་ལ། ད་ངས་མདང་མཚན་མོ་ཕ་དང་འགྲོགས་པས། ངེད་ཀྱིས་མཚན་མོ་འདི་ལ་ཡང་ཁོ་རྒུན་ཆང་འཐུང་བཅུག་ནས། ངེད་ཀྱི་ཕ་ནས་བརྒྱུད་ཀྱི་ས་བོན་ཐོབ་པའི་ཕྱིར་ཁྱོད་ཀྱང་ནང་དུ་ཞུགས་ལ་ཁོ་དང་འགྲོགས་ཤིག་སྨྲས་སོ། ༣༥ དེ་དག་གིས་མཚན་དེ་ལ་ཡང་རང་གི་ཕ་རྒུན་ཆང་འཐུང་བཅུག་པ་དང་། ནུ་མོ་ཡང་སོང་ནས་ཁོ་དང་འགྲོགས་ཏེ། ཁོས་ནི་དེ་ཉལ་བ་ཡང་མ་ཤེས་ལང་བ་ཡང་མ་ཤེས་སོ། ༣༦ དེ་ལྟར་ལོད་ཀྱི་བུ་མོ་གཉིས་རང་གི་ཕ་ནས་མངལ་དང་ལྡན་པར་གྱུར་ཏོ། ༣༧ ཨ་ཆེ་ལ་སྐྱེས་པའི་བུའི་མིང་མོ་ཨབ་ཅེས་བཏགས། དེ་ནི་དེ་རིང་གི་ཉིན་མོའི་བར་དུ་མོ་ཨབ་པ་རྣམས་ཀྱི་ཕ་ཡིན། ༣༨ ནུ་མོ་ལ་ཡང་སྐྱེས་པའི་བུའི་མིང་བེན་ཨམ་མི་ཞེས་བཏགས། དེ་ནི་དེ་རིང་གི་ཉིན་མོའི་བར་དུ་ཨམ་མོན་གྱི་བུ་རྣམས་ཀྱི་ཕ་ཡིན་ནོ༎