༡༨
དེ་ནས་ཁོས་ཡ་ཧོ་ཝཱ་མམ་རེ་ཚལ་གྱི་ནང་ན་མཐོང་བར་གྱུར་ཏོ། ཁོ་ནི་གུང་ཚད་ཀྱི་དུས་སུ་གུར་གྱི་སྒོ་འགྲམ་དུ་བསྡད་དེ།  མིག་བཏེགས་ཏེ་བལྟས་པ་དང་། རང་གི་ཐད་དུ་མི་གསུམ་ཀྲང་ངེར་འདུག་པ་མཐོང་། མཐོང་ནས་གུར་གྱི་སྒོ་ནས་གདན་བསུ་རུ་བརྒྱུགས་ཏེ། ལུས་ས་ལ་བརྡབས་ནས་ཕྱག་ཕུལ་ལོ།  དེ་ནས་དེ་ལ། ཇོ་བོ། ཁྱེད་ཀྱི་ཐུགས་རྗེ་ང་ལ་གཟིགས་པ་ཐོབ་ན། ཁྱེད་ཀྱི་བྲན་ལས་ཕར་མ་གཤེགས་པར།  ཅུང་ཟད་ཅིག་ཆབ་བཞེས་ལ་ཞབས་བསིལ་ནས་ཤིང་གི་རྩར་སྐུ་ངལ་སོས་ཤིག་དང་།  ཁྱེད་ཀྱི་ཐུགས་བདེ་བའི་ཕྱིར་ངས་བཞེས་ཞལ་ཁམ་ཞིག་འདྲེན་པས། དེ་ནས་ཕར་གཤེགས་ཤིག དེའི་ཕྱིར་ཁྱེད་ཅག་ཁྱེད་ཀྱི་བྲན་གྱི་མདུན་དུ་ཕེབས་ཞུས་པ་ལས། དེ་དག་གིས། ཁྱོད་ཀྱིས་སྨྲས་པ་བཞིན་དུ་བྱོས་ཤིག  ཨབ་ར་ཧམ་གུར་དུ་བརྒྱུགས་ཏེ་ས་རཱ་ལ། མགྱོགས་པར་བག་ཕྱེ་བཟང་པོ་བྲེ་གསུམ་བླངས་ཏེ་བརྫིས་ལ་སྐྱ་ཁུར་བྱོས་སྨྲས་སོ།  ཨབ་ར་ཧམ་ཕྱུགས་ཀྱི་ཁྱུ་ནང་དུ་རྒྱུགས་ཏེ་བེའུ་བཟང་པོ། ཤ་འབོལ་མོ་ཡོད་པ་ཞིག་འདམས་ནས་གཡོག་པོ་ལ་བཏང་བ་དང་། དེས་མྱུར་དུ་བྱས་ཏེ་གཡོས་སོ།  དེ་ནས་འོ་མ་དང་། ཞོ་དང་། གཡོས་པའི་བེའུ་དེ་རྣམས་ལ་ཕུལ་ནས། དེ་དག་གིས་བཞེས་པའི་ཚེ། ཁོང་རྣམས་ཀྱི་མདུན་དུ་ཤིང་གི་རྩར་ལངས་ཏེ་འདུག་གོ།
 དེ་ནས་དེ་དག་གིས་ཁོ་ལ། ཁྱོད་ཀྱི་ཆུང་མ་ས་རཱ་ག་ན་ཡོད་གསུངས་པ་དང་། གུར་ན་ཡོད་ཞུས་སོ། ༡༠ ཁོང་གིས། ཕྱི་ལོ་དཔྱིད་ཀ་ང་ཁྱོད་ཀྱི་དྲུང་དུ་ཕྱིར་ལོག་ཙ་ན། ལྟོས་ཤིག ཁྱོད་ཀྱི་ཆུང་མ་ས་རཱ་ལ་བུ་ཞིག་ཡོད་པར་འགྱུར་རོ། ཞེས་གསུངས་པ་ས་རཱ་ཁོང་གི་རྒྱབ་ལ་ཡོད་པའི་གུར་གྱི་སྒོ་ལ་འདུག་པས་ཐོས་སོ། ༡༡ ཨབ་ར་ཧམ་དང་ས་རཱ་རྒན་རྒོན་གཉིས་ན་ཚོད་རྒས་པས། ས་རཱ་ལ་བུད་མེད་རྣམས་ཀྱི་ལུགས་བཞིན་འབྱུང་ཟིན་ཏོ། ༡༢ ཡང་ས་རཱས་གསང་ནས་བགད་དེ་ང་རྒན་མོ་སོང་ནས་དགའ་མགུ་འབྱུང་སྲིད་དམ། ངའི་ཇོ་བོ་ཡང་རྒས་པ་ཡིན་སྨྲས་སོ། ༡༣ ཡ་ཧོ་ཝཱས་ཨབ་ར་ཧམ་ལ། ཅིའི་ཕྱིར་ས་རཱ་བགད་དེ་ང་རྒས་ནས་བུ་བཙའ་བར་བདེན་ནམ་ཞེས་སྨྲ། ༡༤ ཡ་ཧོ་ཝཱའི་ཕྱིར་ཅི་ཡང་མཛད་དུ་དཀའ་འམ། ཕྱི་ལོ་དཔྱིད་ཀ་ལོ་གཅིག་ལོན་ནས་ང་ཁྱོད་ཀྱི་དྲུང་དུ་ལོག་དུས་སུ། ས་རཱ་ལ་བུ་ཞིག་ཡོད་པར་འགྱུར་རོ་ཞེས་བཀའ་གནང་ངོ་། ༡༥ ས་རཱ་འཇིགས་ཏེ་ངས་མ་བགད་རྫུན་སྨྲས། ཁོང་གིས། མ་ཡིན་ཁྱོད་བགད་པ་ཡིན་གསུངས་སོ༎
༡༦ དེ་ནས་མི་དེ་དག་བཞེངས་ཏེ་དེ་ནས་སོ་དོམ་གྱི་ཕྱོགས་སུ་གཤེགས་པ་ལས། ཨབ་ར་ཧམ་གདན་སྐྱེལ་དུ་དེ་དག་དང་བཅས་སུ་གདོང་ངོ་། ༡༧ ཡང་ཡ་ཧོ་ཝཱས་གསུངས་པ། ངས་ད་ལྟ་བྱ་བའི་ལས་དེ་ཨབ་ར་ཧམ་ལ་གསང་ངམ། ༡༨ ཨབ་ར་ཧམ་རིགས་བརྒྱུད་ཆེན་པོ་དང་དབང་ཅན་དུ་གྱུར་ནས། ས་གཞིའི་མི་རབས་ཐམས་ཅད་ལ་བྱིན་རླབས་འབྱུང་བར་མི་འགྱུར་རམ། ༡༩ ཁོས་རང་གི་རྟིང་ལ་ལུས་འོང་བའི་རང་གི་བུ་རྣམས་དང་ཁྱིམ་གྱི་མི་རྣམས་ལ། ཡ་ཧོ་ཝཱས་ཨབ་ར་ཧམ་ལ་གསུངས་པ་དེ་སྒྲུབ་པའི་དོན་དུ། ཡ་ཧོ་ཝཱའི་ཕེབས་ལམ་ནང་གནས་ཏེ། གཤགས་དང་ཞལ་ཆེ་དྲང་པོར་གཅོད་པར་བྱོས་ཞེས་དེ་དག་ཟེར་འོང་བ་ངས་མཁྱེན་ནོ་གསུངས་སོ། ༢༠ ཡ་ཧོ་ཝཱས་ཡང་འདི་སྐད་དུ། སོ་དོམ་དང་གོ་མོ་རཱ་གཉིས་ཀྱི་གནས་ཚུལ་ངན་པའི་གཏམ་ནི་ཤིན་ཏུ་ཆེ་སྟེ། དེ་དག་གི་སྡིག་པ་ཤིན་ཏུ་ཚབས་ཆེ་བ་ཡིན། ༢༡ ངའི་དྲུང་དུ་བྱུང་བའི་གཏམ་བཞིན་དུ་དེ་དག་གི་སྤྱོད་པ་ངོ་ཐོག་སྤྱད་དམ་མ་སྤྱད་རྟོགས་པའི་ཕྱིར་དུ་ལྟ་བར་འབབ་པར་བྱའོ་གསུངས་སོ༎
༢༢ དེ་ནས་མི་དེ་དག་སོ་དོམ་གྱི་ཕྱོགས་སུ་བྱོན་ཏེ་ཨབ་ར་ཧམ་ད་རུང་ཡ་ཧོ་ཝཱའི་སྐུ་མདུན་དུ་བསྡད་དོ། ༢༣ ཨབ་ར་ཧམ་ཁོང་གི་རྩར་བྱུང་སྟེ་ཞུས་པ། ཆོས་མེད་པའི་མི་དང་མཉམ་དུ་ཆོས་དྲང་པོ་ཡང་མེད་པར་མཛད་དམ། ༢༤ གྲོང་ཁྱེར་གྱི་ནང་ན་ཆོས་དྲང་པོ་ལྔ་བཅུ་ཙམ་ཡོད་པའང་སྲིད། ཁྱེད་དེ་དག་ཡང་མེད་པར་མཛད་དམ། ཡུལ་གྱི་ནང་ན་ཡོད་པའི་ཆོས་དྲང་པོ་ལྔ་བཅུ་ཙམ་གྱི་དོན་དུ་བཟོད་པ་མི་མཛད་དམ། ༢༥ དེ་ལྟ་བུའི་བྱ་བ་ཞིག་མཛད་བ་མ་སྲིད་ཅིག ཆོས་དྲང་པོ་ནི་སྡིག་སྤྱོད་དང་མཉམ་དུ་གསོད་པ་ཁྱེད་ལ་མི་སྲིད། ཡང་ཆོས་དྲང་པོ་ནི་སྡིག་སྤྱོད་ལྟར་འགྱུར་མི་སྲིད་དེ། འཇིག་རྟེན་ཐམས་ཅད་ཀྱི་ཞལ་ཆེ་བས་འོས་འཚམ་མི་མཛད་དམ་ཞུས་སོ། ༢༦ ཡ་ཧོ་ཝཱས། སོ་དོམ་གྲོང་ཁྱེར་གྱི་ནང་ན་ཆོས་དྲང་པོ་ལྔ་བཅུ་ཙམ་ང་ལ་ཐོབ་ན། དེ་དག་གི་དོན་དུ་ཡུལ་ཐམས་ཅད་ལ་བཟོད་པར་བྱའོ་གསུངས་སོ། ༢༧ ཨབ་ར་ཧམ་གྱིས་ཡང་དེའི་ལན་ལ། གཟིགས་ཤིག ང་རྡུལ་དང་ཐལ་བ་ཡིན་ཀྱང་། གཙོ་བོ་ལ་ཞུ་བ་འབུལ་དུ་སྤོབས་སོ། ༢༨ མི་ཆོས་དྲང་པོ་ལྔས་མ་ཚང་བའི་ལྔ་བཅུ་ཙམ་ཡོད་པའང་མཛད་དམ། ཁོང་གིས། ངས་དེར་བཞི་བཅུ་ཞེ་ལྔ་ཙམ་ཐོབ་ན། མེད་པར་མི་བྱའོ་གསུངས་སོ། ༢༩ ཡང་ཁོས་ཞུ་བ་མ་བཅད་པར་དེ་རུ་བཞི་བཅུ་ཙམ་ཐོབ་པའང་སྲིད་ཞུས་པས། ཁོང་གིས་གསུངས་པ། བཞི་བཅུ་ཙམ་གྱི་དོན་དུ་མི་བྱ། ༣༠ བདག་ཡང་ཞུ་བས་གཙོ་བོ་ཐུགས་ཁྲོ་མ་མཛད། དེ་རུ་སུམ་ཅུ་ཙམ་ཐོབ་པའང་སྲིད། ངས་དེ་རུ་སུམ་ཅུ་ཙམ་ཐོབ་ནའང་མི་བྱའོ་གསུངས་སོ། ༣༡ གཟིགས་ཤིག ངས་གཙོ་བོ་ལ་ཞུ་བ་འབུལ་དུ་སྤོབས་པས། དེ་རུ་ཉི་ཤུ་ཙམ་ཐོབ་པའང་སྲིད་ཞུས་པས། ཉི་ཤུ་ཙམ་གྱི་དོན་དུ་ཡང་ངས་དེ་དག་མེད་པར་མི་བྱ་གསུངས་སོ། ༣༢ དེ་ནས་བདག་ཡང་ཞུ་བ་གཅིག་ཞུ་ན། གཙོ་བོ་ཐུགས་ཁྲོ་བར་མ་མཛད་ཅིག དེ་རུ་བཅུ་ཙམ་ཐོབ་པའང་སྲིད། ངས་བཅུ་ཙམ་གྱི་དོན་དུ་ཡང་དེ་དག་མེད་པར་མི་བྱའོ་གསུངས་སོ། ༣༣ དེ་ནས་ཡ་ཧོ་ཝཱས་ཨབ་ར་ཧམ་དང་གསུང་གླེང་མཛད་ཟིན་ནས་གཤེགས་པ་དང་། ཨབ་ར་ཧམ་རང་གི་གནས་སུ་ཕྱིར་ལོག་གོ།