༡༧
ཡང་ཨབ་རམ་ལོ་དགུ་བཅུ་གོ་དགུ་ལོན་པའི་ཚེ། ཡ་ཧོ་ཝཱ་ཨབ་རམ་གྱིས་མཐོང་བར་གྱུར་ཏེ་དེ་ལ་གསུངས་པ། ང་ནི་དཀོན་མཆོག་ཀུན་དབང་ཡིན། ངའི་ངོའི་མདུན་དུ་ཁྱོད་ཀྱི་སྤྱོད་པ་བྱེད་དེ་སྐྱོན་མེད་པའི་སྤྱོད་པ་བྱོས་ཤིག ༢ ཡང་ངས་ཁྱོད་དང་ཞལ་ཆད་ཅིག་བྱེད་དེ་ཁྱོད་ཤིན་ཏུ་སྤེལ་བར་འགྱུར་རོ། ༣ ཨབ་རམ་ས་ལ་ཁ་འབུབ་ཏུ་ཉལ་བ་དང་། དཀོན་མཆོག་གིས་འདི་སྐད་དུ། ༤ ངས་ཁྱོད་དང་བྱེད་པའི་ཞལ་ཆད་འདི་ལྟ་བུའོ། ཁྱོད་ནི་མི་བརྒྱུད་ཀྱི་ཚོགས་རྣམས་ཀྱི་ཕ་ལ་འགྱུར་བར་འགྱུར། ༥ ད་ཕྱིན་ཅད་ཁྱོད་ལ་ཨབ་རམ་ཞེས་མི་སྨྲ་སྟེ། ཁྱོད་ཀྱི་མིང་ཨབ་ར་ཧམ་ཞེས་ཟེར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་མི་བརྒྱུད་རྣམས་ཀྱི་ཚོགས་ཀྱི་ཕར་བྱས་པའི་ཕྱིར་རོ། ༦ ཡང་ངས་ཁྱོད་ནི་ཤིན་ཏུ་མང་པོ་སྤེལ་ཏེ་མི་བརྒྱུད་མང་པོ་དང་ལྡན་པར་བྱེད་ཡོང་། རྒྱལ་པོ་རྣམས་ཀྱང་ཁྱོད་ནས་འབྱུང་བར་འགྱུར་རོ། ༧ ངས་ཁྱོད་དང་ཁྱོད་ཀྱི་ས་བོན་ནས་འབྱུང་བའི་རིགས་བརྒྱུད་དང་བྱས་པའི་ཁ་ཆད་མི་འགྱུར་བ་དེ་འདི་ཡིན། ང་ནི་ཁྱོད་དང་ཁྱོད་ཀྱི་རྗེས་སུ་འབྱུང་བའི་རིགས་བརྒྱུད་ཀྱི་དཀོན་མཆོག་ཡིན་པར་འགྱུར་རོ། ༨ ཁྱོད་གང་དུ་བྱེས་ལ་འདུག་པའི་ཡུལ་ཀ་ན་ཨན་ཐམས་ཅད་ངས་ཁྱོད་དང་ཁྱོད་ཀྱི་རྗེས་སུ་འབྱུང་བའི་རིགས་བརྒྱུད་ཀྱིས་རྒྱུན་ཆད་མེད་པར་བདག་ཏུ་བྱེད་པའི་ཕྱིར་གཏང་སྟེ། ང་དེ་དག་གི་དཀོན་མཆོག་ཡིན་པར་འགྱུར་རོ་ཞེས་བཀའ་གནང་ངོ་༎༩ ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ། ཁྱོད་མ་ཟད་ཁྱོད་ཀྱི་ས་བོན་ནས་འབྱུང་བའི་རིགས་བརྒྱུད་ཀྱི་ཕྱོགས་སུ་ཡང་ངས་བྱས་པའི་ཞལ་ཆད་སྲུང་ཞིག ༡༠ ངས་ཁྱོད་ཅག་དང་ཁྱོད་ཀྱི་རྗེས་སུ་འབྱུང་བའི་བུ་བརྒྱུད་དང་བྱེད་པའི་ཞལ་ཆད་ནི་འདི་ལྟར་སྟེ། ཁྱོད་ཅག་ལས་གང་ཕོ་ཡིན་པ་ཐམས་ཅད་ཀྱི་མདུན་ལྤགས་གཅོད་པར་དགོས། ༡༡ ཁྱོད་ཅག་གི་ཤའི་མདུན་ལྤགས་གཅོད་པར་འགྱུར་བ་ནི་ངས་ཁྱོད་ཅག་དང་བྱས་པའི་ཞལ་ཆད་ཀྱི་རྟགས་སུ་གྱུར་ཅིག ༡༢ ཁྱོད་ཅག་དང་ཁྱོད་ཅག་གི་བུ་བརྒྱུད་ལས་གང་ཕོ་ཉིན་བརྒྱད་པ་ཡིན་པ་ཁྱིམ་ན་སྐྱེས་པ་དང་། ཁྱོད་ཅག་གི་རིགས་བརྒྱུད་ནས་མ་བྱུང་ཡང་། མི་ཡན་པ་རྣམས་ནས་དངུལ་གྱིས་ཉོས་པ་གང་ཡང་རུང་བ་གཅོད་པར་གྱུར་ཅིག ༡༣ ཅིས་ཀྱང་ཁྱོད་ཀྱི་ཁྱིམ་ན་སྐྱེས་པ་དང་། ཁྱོད་རང་གི་དངུལ་གྱིས་ཉོས་པ་གཅོད་པར་དགོས། ངའི་ཁ་ཆད་ཁྱོད་ཅག་གི་ཤ་རུ་ཡོད་པའི་ཞལ་ཆད་ཀྱི་རྟགས་ནི་རྒྱུན་ཆད་མེད་པའི་ཞལ་ཆད་དུ་གྱུར་ཅིག ༡༤ མ་བཅད་པའི་ཕོ་ཞིག་གི་མདུན་ལྤགས་ཀྱི་ཤ་གཅོད་པར་མི་འགྱུར་ན། མི་དེ་ནི་རང་གི་བུ་བརྒྱུད་ནས་མེད་པར་གྱུར་ཅིག དེ་ཅི་ལ་ཟེར་ན། ངས་བྱས་པའི་ཞལ་ཆད་བཅག་པའི་ཕྱིར་རོ༎
༡༥ ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ། ཆུང་མ་ས་རཱ་ཨིའི་མིང་ད་ཕྱིན་ཅད་ས་རཱ་ཨི་ཞེས་མི་ཟེར་བར། དེའི་མིང་ས་རཱ་ཞེས་བྱའོ། ༡༦ དེ་ཅི་ལ་ཞེ་ན། ངས་དེ་བྱིན་གྱིས་བརླབས་ཏེ། ངས་འདི་ལས་ཀྱང་ཁྱོད་ལ་བུ་ཞིག་གཏང་ཞིང་། འདི་ལས་བུ་བརྒྱུད་རྣམས་མ་ཟད་དེ། བུ་བརྒྱུད་ཀྱི་རྒྱལ་པོ་རྣམས་འབྱུང་བར་འགྱུར་བའི་བྱིན་གྱིས་རློབས་པར་བྱ་བའི་ཕྱིར་རོ་ཞེས་བཀའ་གནང་ངོ་། ༡༧ ཨབ་ར་ཧམ་ས་ལ་ཁ་འབུབ་ཅིང་བགད་དེ་རང་གི་སེམས་ལ། ལོ་བརྒྱ་ལོན་པ་ཞིག་ལ་ཡང་ཕྲུ་གུ་ཞིག་སྐྱེའམ། ས་རཱ་ལོ་དགུ་བཅུ་སོང་བ་ལ་ཕྲུ་གུ་ཞིག་སྐྱེ་བར་སྲིད་དམ་བསམས་སོ། ༡༨ ཨབ་ར་ཧམ་གྱིས་དཀོན་མཆོག་ལ་ཞུས་པ། ཨིས་མ་ཨེལ་ཁྱེད་ཀྱི་སྤྱན་སྔར་འཚོ་ན་ཅི་མ་རུང་། ༡༩ ཡང་དཀོན་མཆོག་གིས་གསུངས་པ། ཁྱོད་ཀྱི་ཆུང་མ་ས་རཱ་ལས་ཁྱོད་ཀྱི་བུ་སྐྱེ་བར་ངེས་པས། ཁྱོད་དེའི་མིང་ཨི་སཱག་ཅེས་ཟེར་དགོས། ངས་དེ་དང་དེའི་རྗེས་སུ་འོང་བའི་ས་བོན་དང་བྱེད་པའི་ཞལ་ཆད་ནི་རྒྱུན་ཆད་མེད་པའི་ཁ་ཆད་དུ་བྱེད་པར་འགྱུར་རོ། ༢༠ ཨིས་མ་ཨེལ་ལ་ལྟ་སྟེ་ངས་ཁྱོད་ཀྱི་ཞུ་བ་ལ་ཉན་ཏེ། ལྟོས་ཤིག ངས་དེ་བྱིན་གྱིས་བརླབས་ནས་བརྒྱུན་ཅན་བྱེད་པས་ཤིན་ཏུ་མང་པོར་འགྱུར། རྒྱལ་པོ་བཅུ་གཉིས་ཁོ་ནས་ཆད་དེ་ངས་དེའི་བུ་བརྒྱུད་ཆེ་བར་བྱེད་ཡོང་། ༢༡ འོན་ཀྱང་འདི་ནས་ལོ་གཅིག་གི་རྗེས་ལ། ས་རཱ་ལ་བཙའ་བའི་བུ་ཨི་སཱག་བྱ་བ་དེ་དང་ངས་ཞལ་ཆད་བྱེད་པར་འགྱུར་རོ། ༢༢ ཞེས་དེ་ལ་གསུང་གླེང་མཛད་ཟིན་ནས་དཀོན་མཆོག་ཨབ་ར་ཧམ་གྱི་དྲུང་ནས་འཕགས་སོ༎
༢༣ དེ་ནས་ཨབ་ར་ཧམ་བུ་ཨིས་མ་ཨེལ་དང་། རང་གི་ཁྱིམ་ན་སྐྱེས་པ་ཐམས་ཅད་དང་། དངུལ་གྱིས་ཉོས་པ་ཐམས་ཅད་དང་། ཨབ་ར་ཧམ་གྱི་མི་ལས་གང་ཕོ་ཡིན་པ་ཐམས་ཅད་འཁྲིད་དེ། དཀོན་མཆོག་གིས་ཁོ་ལ་བཀའ་གནང་བའི་ཉིན་མོ་དེ་རང་ལ་དེ་དག་གི་མདུན་ལྤགས་ཀྱི་ཤ་བཅད་དོ། ༢༤ ཨབ་ར་ཧམ་གྱི་མདུན་ལྤགས་ཀྱི་ཤ་གཅོད་པའི་ཚེ། ཁོ་ལོ་དགུ་བཅུ་གོ་དགུ་ལོན་པ་ཡིན། ༢༥ བུ་ཨིས་མ་ཨེལ་གྱི་མདུན་ལྤགས་ཀྱི་ཤ་བཅད་པའི་ཚེ། ཁོ་ལོ་བཅུ་གསུམ་སོང་ངོ་། ༢༦ ཉིན་གཅིག་པ་ལ་ཨབ་ར་ཧམ་དང་བུ་ཨིས་མ་ཨེལ་གྱི་མདུན་ལྤགས་བཅད་པར་གྱུར་ཏོ། ༢༧ དེ་དང་མཉམ་དུ་ཁོའི་ཁྱིམ་གྱི་ནང་ན་ཡོད་པ་ཐམས་ཅད། ཁྱིམ་ན་སྐྱེས་པ་དང་། མི་ཡན་པ་ནས་ཉོས་པ་རྣམས་བཅད་པར་གྱུར་ཏོ༎