༡༦
ཡང་ཨབ་རམ་གྱི་ཆུང་མ་ས་རཱ་ཨི་ལ་ཕྲུ་གུ་མ་སྐྱེས་སོ། དེ་ལ་མི་སེར་མ་ཧ་གར་བྱ་བའི་བྲན་མོ་ཞིག་ཡོད་དོ། ༢ ས་རཱ་ཨིས་ཨབ་རམ་ལ། ཡ་ཧོ་ཝཱས་ང་རབས་ཆད་དུ་མཛད་པས་ད་ང་ལ་ཕྲུ་གུ་མི་སྐྱེ་སྟེ། ཁྱེད་ངའི་བྲན་མོ་དང་འགྲོགས་ཤིག དེའི་སྒོ་ནས་ང་ལ་བརྒྱུད་ཐོབ་ལས་ཆེ་ཞེས་སྨྲས་པ་དང་། ཨབ་རམ་་ས་རཱ་ཨིའི་ཁ་ལ་ཉན་ཏོ། ༣ ཨབ་རམ་་ཀ་ན་ཨན་ཡུལ་དུ་གནས་ནས་ལོ་བཅུའི་རྗེས་ལ། ཨབ་རམ་གྱི་ཆུང་མ་ས་རཱ་ཨིས་རང་གི་བྲན་མོ་མི་སེར་མ་ཧ་གར་དེ་ཁྲིད་དེ་རང་གི་ཁྱོ་ཨབ་རམ་ལ་ཆུང་མར་བཏང་ངོ་། ༤ དེ་ནི་ཧ་གར་དང་འགྲོགས་ནས་མངལ་དང་ལྡན་པར་གྱུར་ཏོ། མངལ་དང་ལྡན་པར་མཐོང་སྟེ། ཧ་གར་གྱི་མིག་གིས་ཇོ་མོ་ལ་ཁྱད་དུ་སད་པས། ༥ ས་རཱ་ཨིས་ཨབ་རམ་ལ། ངའི་ཉེས་པ་ཁྱོད་ལ་འཕོག་པར་ཤོག་ཅིག ངས་རང་གི་བྲན་མོ་ཁྱོད་ཀྱི་པང་དུ་བཞག་ཀྱང་། ད་ཁོ་མངལ་དང་ལྡན་པར་གྱུར་བ་མཐོང་ནས། དེའི་མིག་གིས་ང་ལ་ཁྱད་དུ་སད་དོ། ཡ་ཧོ་ཝཱས་ང་དང་ཁྱོད་ཀྱི་བར་ལ་ཞལ་ཆེ་གཅོད་པར་ཤོག་ཅེས་སྨྲས་སོ། ༦ ཨབ་རམ་གྱིས་ས་རཱ་ཨི་ལ། ད་ཁྱོད་ཀྱི་བྲན་མོ་ཁྱོད་ཀྱི་ལག་ལ་ཡོད་དེ། ཁྱོད་ཀྱི་མིག་གི་མདུན་དུ་དེ་ལ་ཅི་འོས་བསམ་པ་བཞིན་དུ་བྱོས་ཤིག་སྨྲས་སོ། ས་རཱ་ཨིས་དེ་མནན་ཏེ། དེ་ཁོའི་ངོའི་དྲུང་ནས་བྲོས་སོ༎༧ ཡང་འབྲོག་སྟོང་གི་ཆུ་མིག་ཤུར་གྱི་ལམ་ལ་ཡོད་པའི་ཆུ་མིག་དེར་ཡ་ཧོ་ཝཱའི་ཕོ་ཉ་དེ་དང་འཕྲད་ནས་དེ་ལ། ༨ ཧ་གར་་ས་རཱ་ཨིའི་བྲན་མོ། ཁྱོད་གང་ནས་འོངས། གང་དུ་འགྲོ་གསུངས་པ་དང་། ཁོས་ཞུས་པ། ང་ཇོ་མོ་ས་རཱ་ཨིའི་ཞལ་གྱི་དྲུང་ནས་བྲོས་པ་ཡིན། ༩ ཡ་ཧོ་ཝཱའི་ཕོ་ཉས་དེ་ལ། ཁྱོད་ཀྱི་ཇོ་མོའི་དྲུང་དུ་ཕྱིར་ལོག་ལ། དེའི་ལག་པའི་འོག་ལ་སེམས་དམའ་བར་གྱིས་ཤིག ༡༠ ཡང་ཡ་ཧོ་ཝཱའི་ཕོ་ཉས་དེ་ལ། ངས་ཁྱོད་ཀྱི་བུ་བརྒྱུད་ཤིན་ཏུ་སྤེལ་ཏེ་ཤིན་ཏུ་མང་བའི་ཕྱིར་བགྲང་བར་འགྱུར་མི་ཡོང་། ༡༡ དེ་ནས་ཡ་ཧོ་ཝཱའི་ཕོ་ཉས་ཡང་དེ་ལ། ཀྱེ་ཧོ་ཁྱོད་མངལ་དང་ལྡན་པར་གྱུར་ནས། བུ་བཙས་པའི་མིང་ཨིས་མ་ཨེལ་ཟེར་དགོས། ཅི་ལ་ཟེར་ན། ཡ་ཧོ་ཝཱས་ཁྱོད་ཀྱི་སྡུག་བསྔལ་ལ་གསན་པའི་ཕྱིར་རོ། ༡༢ ཡང་ཁོ་རྐྱང་རྒོད་དང་འདྲ་བའི་མི་ཞིག་ཏུ་གྱུར་ནས། དེའི་ལག་གིས་མི་ཐམས་ཅད་ལ་ཡང་རྒོལ་ཞིང་། མི་ཐམས་ཅད་ཀྱི་ལག་གིས་ཀྱང་དེ་ལ་རྒོལ་ཡོང་། ཁོས་སྤུན་ཐམས་ཅད་ཀྱི་ཤར་ཕྱོགས་ལ་གཞིས་བཟུང་བར་བྱ་ཞེས་གསུངས་སོ། ༡༣ དེས་ནི་རང་ལ་གསུང་མཛད་པའི་ཡ་ཧོ་ཝཱའི་མཚན་བརྗོད་ཅིང་སྨྲས་པ། ངས་ཁྱེད་མངོན་སུམ་དུ་མཐོང་བའི་དཀོན་མཆོག་ལགས། དེ་ཅིའི་ཕྱིར་ཞེ་ན། ངས་ནི་མངོན་སུམ་དུ་དེ་མཐོང་བའི་རྗེས་ལ་འདིར་དངོས་སུ་མཐོང་བ་འདི་ཅི་ཡིན་སྨྲས་པའི་ཕྱིར་རོ། ༡༤ དེའི་ཕྱིར་དེ་ལ་པེ་ཨེར་ལཱ་ཧ་ཨི་རོ་ཨི་༼བོད་སྐད་དུ་སྲོག་དང་མངོན་སུམ་དུ་མཐོང་བར་གནང་བའི་ཆུ་མིག་༽ཅེས་མིང་དུ་བཏགས་ཏེ། དེ་ནི་ཁ་དཱེས་དང་བེ་རེད་ཡུལ་གཉིས་ཀྱི་བར་ལ་ཡོད་དོ༎