༡༥
བྱ་བ་དེའི་རྗེས་ལ་ཨབ་རམ་ལ་མཐོང་སྣང་དུ། ཡ་ཧོ་ཝཱའི་བཀའ་བྱོན་ནས་འདི་སྐད་དུ། ཨབ་རམ། མ་འཇིགས་ཤིག ང་ནི་ཁྱོད་ཀྱི་ཕུབ་དང་བྱ་དགའ་ཆེན་པོ་དེ་ཡིན་གསུངས་སོ།  ཨབ་རམ་གྱིས་ཞུས་པ། གཙོ་བོ་ཡ་ཧོ་ཝཱ། ང་ནི་བུ་མེད་པར་འགྲོ་སྟེ། ད་མཱ་སེག་པ་ཨེ་ལི་ཨེ་ཟེར་འདི་ནི་ངའི་ཁྱིམ་གྱི་བདག་པོར་འགྱུར་འོང་བས། ཁྱེད་ཀྱིས་ང་ལ་ཅི་གནང་འོང་ཞུས་ནས།  ཡང་ཨབ་རམ་གྱིས། ད་ཁྱེད་ཀྱིས་ང་ལ་ས་བོན་མ་གནང་བས། གཟིགས་ཤིག ངའི་ཁྱིམ་ནང་སྐྱེས་པ་དེ་ངའི་ནོར་བདག་པོར་འགྱུར་ཡོང་ཞུས་སོ།  ལྟོས་ཤིག ཡ་ཧོ་ཝཱའི་བཀའ་ཞིག་བྱུང་སྟེ་ཁོ་ལ། འདིས་ཁྱོད་ཀྱི་ནོར་སྐལ་དབང་བར་འགྱུར་མི་ཡོང་། ཁྱོད་ཀྱི་ངང་ནས་འབྱུང་བ་ཞིག་གིས་ནོར་སྐལ་དབང་བར་འགྱུར་གསུངས་ནས།  ཕྱི་རོལ་དུ་ཁྲིད་དེ་ཡང་དེ་ལ། ནམ་མཁའ་ལ་ལྟོས་ལ་སྐར་མ་རྣམས་རྩི་བར་ནུས་ན། རྩིས་ཤིག དེ་ལྟར་ཁྱོད་ཀྱི་རིགས་བརྒྱུད་ཡོད་པར་འགྱུར་གསུངས་སོ།  ཁོས་ཡ་ཧོ་ཝཱ་ལ་དད་པ་བྱས་པས། དད་པ་དེ་ནི་ཁོའི་ཕྱིར་དྲང་བ་ཉིད་དུ་བརྩིས་སོ༎
 ཡང་ཁོང་གིས་དེ་ལ། ང་ཡ་ཧོ་ཝཱ་ཡིན་ཏེ་ཁྱོད་ཡུལ་འདི་ལ་བདག་བྱེད་དུ་སྟེར་བའི་ཕྱིར། ངས་ཁྱོད་ཀལ་དཱི་ལྗོངས་ཀྱི་ཨུར་ཡུལ་ནས་ཁྲིད་པ་ཡིན་གསུངས་པ་དང་།  དེས་ཀྱེ་གཙོ་བོ་ཡ་ཧོ་ཝཱ། ཡུལ་འདི་ངས་བདག་ཏུ་འཛིན་པ་ཇི་ལྟར་ཤེས་པར་འགྱུར་ཞུས་ནས།  ཁོང་གིས་དེ་ལ། བ་ལོ་གསུམ་པ་ཞིག་དང་། ར་མ་ལོ་གསུམ་པ་ཞིག་དང་། ལུག་ཐུག་ལོ་གསུམ་པ་ཞིག་དང་། ཐི་བ་གཅིག་དང་། ཕུག་རོན་གྱི་ཕྲུ་གུ་ཞིག་ངའི་མདུན་དུ་ཁྱེར་ཤོག་གསུངས་པ་དང་། ༡༠ ཁོང་ལ་དེ་ཐམས་ཅད་དྲངས་ནས། དེ་དག་གཞུང་ནས་བཤགས་ཏེ། ཕྱེད་ཀ་ལོགས་ཤིག་དང་གཞན་ལོགས་ཤིག་དེ་ཐང་ཀར་བཞག་གོ། བྱ་རྣམས་མ་བཤགས་སོ། ༡༡ ཡང་བྱ་རྒོད་རྣམས་ཤའི་ཁག་རྣམས་ཀྱི་སྟེང་དུ་བབ་པས། ཨབ་རམ་གྱིས་བསྐྲད་དོ༎
༡༢ དེ་ནས་ཉི་མ་ནུབ་ལ་ཁད་པའི་ཚེ། ཨབ་རམ་ལ་གཉིད་ལྕི་བ་ཞིག་བྱུང་བ་དང་། ཀྱེ་ཧོ། དེའི་ཐོག་ཏུ་འཇིགས་སྐྲག་ཅན་གྱི་མུན་པ་ཆེན་པོ་ཞིག་བབས་སོ། ༡༣ དེ་ནས་ཁོང་གིས་ཨབ་རམ་ལ་གསུངས་པ། ཁྱོད་ཀྱི་རིགས་བརྒྱུད་ལ་མི་གཏོགས་པའི་ཡུལ་ཞིག་གི་ནང་ན་མི་ཡན་དུ་གནས་པ་དང་། ལོ་བཞི་བརྒྱའི་བར་དུ་ཁོ་རྣམས་ཀྱིས་དེ་དག་གི་གཡོག་བྱེད་དེ། དེ་དག་གིས་ཁོ་རྣམས་གནོན་པར་འགྱུར་རོ། ༡༤ འོན་ཀྱང་ཁོ་རྣམས་ཀྱིས་གཡོག་བྱེད་པའི་མི་བརྒྱུད་དེ་ལ་ངས་ཁྲིམས་བཏང་ནས། དེའི་རྗེས་ལ་ཁོ་རྣམས་ནོར་ཆེན་པོ་དང་བཅས་པ་འཐོན་པར་འགྱུར་རོ། ༡༥ ཁྱོད་ཞི་བདེའི་ནང་ཕ་མེས་ཀྱི་དྲུང་དུ་འགྲོ་བར་འགྱུར། ཁྱོད་ཤིན་ཏུ་བགྲེས་ནས་དུར་དུ་སྐུང་བར་འགྱུར་རོ། ༡༦ མི་རབས་བཞིའི་འོག་ཏུ་ཁོ་རྣམས་འདི་རུ་ཕྱིར་ལོག་ཡོང་། ཅི་ལ་ཟེར་ན། ཨ་མོར་པ་རྣམས་ཀྱི་ཉེས་པའི་ཚད་ད་རུང་མ་གང་བའི་ཕྱིར་རོ༎
༡༧ དེ་ནས་ཉི་མ་ནུབ་ནས་མུན་པ་ཆེན་པོ་བྱུང་བའི་ཚེ། ལྟོས་ཤིག ཐབ་ཅིག་ནས་དུ་བ་ཐུལ་བ་དང་། ཤའི་ཁག་རྣམས་ཀྱི་བར་ལ་འཁྱུག་པའི་མེ་ལྕེ་བྱུང་ངོ་། ༡༨ དེའི་ཉིན་ལ་ཡ་ཧོ་ཝཱས་ཨབ་རམ་དང་ཞལ་ཆད་མཛད་དེ་གསུངས་པ། མི་སེར་ཡུལ་གྱི་གཙང་པོ་ནས་ཡུབ་རཱད་གཙང་པོ་ཆེན་པོའི་བར་གྱི་ཡུལ་ངས་ཁྱོད་ཀྱི་རིགས་བརྒྱུད་ལ་བསྟེར་རོ། ༡༩ ཡུལ་དེ་གང་ཡིན་ཞེ་ན། ཀེ་ནི་པ་དང་། ཀེ་ནི་ཟི་པ་དང་། ཀད་མོ་ནི་པ་དང་། ༢༠ ཧེད་པ་དང་། ཕེ་རི་ཟི་པ་དང་། རེ་ཕ་ཨིམ་པ་དང་། ༢༡ ཨ་མོར་པ་དང་། ཀ་ན་ཨན་པ་དང་། གིར་ག་ཤི་པ་དང་། ཡེ་བུས་པ་དང་བཅུའི་བུ་བརྒྱུད་ཀྱི་ཡུལ་དེ་ཡིན་ནོ༎