༡༤
དེའི་རྗེས་སུ་ཤི་ནེ་ཨར་ཡུལ་གྱི་རྒྱལ་པོ་ཨམ་ར་ཕེལ་དང་། ཨེལ་ལཱ་སར་ཡུལ་གྱི་རྒྱལ་པོ་ཨར་ཡོག་དང་། ཨེ་ལམ་གྱི་རྒྱལ་པོ་ཀེ་དར་ལ་ཨོ་མེར་དང་། གོ་ཡིམ་པའི་རྒྱལ་པོ་ཐིད་ཨལ་དང་བཞི་ཡིས། ༢ སོ་དོམ་གྱི་རྒྱལ་པོ་བེ་རཱ་དང་། གོ་མོ་རཱའི་རྒྱལ་པོ་བིར་ཤཱ་དང་། ཨད་མཱའི་རྒྱལ་པོ་ཤིན་ཨབ་དང་། ཚེ་བོ་ཨིམ་གྱི་རྒྱལ་པོ་ཤེམ་ཨེ་བེར་དང་། བེ་ལཱ་ཡང་ན་ཚོ་ཨར་གྱི་རྒྱལ་པོ་ལྔ་ལ་དམག་དྲངས་སོ། ༣ དེ་ཐམས་ཅད་སིད་དིམ་ལུང་པ་རུ་ཕྱོགས་གཅིག་ཏུ་འདུས་སོ། ལུང་པ་དེ་རང་ཚྭ་མཚོ་ཆེན་པོ་དེ་ཡིན་ནོ། ༤ ལོ་བཅུ་གཉིས་དེ་དག་གིས་ཀེ་དར་ལ་ཨོ་མེར་གྱི་གཡོག་བྱས། ལོ་བཅུ་གསུམ་པ་ལ་ངོ་ལོག་བྱས་སོ། ༥ ལོ་བཅུ་བཞི་པ་ལ་ཀེ་དར་ལ་ཨོ་མེར་དང་། དེ་དང་འགྲོགས་པའི་རྒྱལ་པོ་རྣམས་འོངས་ཏེ། ཨས་ཐེ་རོད་ཀར་ནཱ་ཨིམ་བྱ་བའི་ཡུལ་དུ་རེ་ཕ་ཨིམ་པ་རྣམས་དང་། ཧམ་ཡུལ་དུ་ཟུ་ཟིམ་པ་རྣམས་དང་། ཁིར་ཡད་ཨ་ཨིམ་ཡུལ་དུ་ཨེ་མིམ་པ་རྣམས་དང་། ༦ འབྲོག་སྟོང་གི་འགྲམ་ལ་ཡོད་པའི་ཨེལ་ཕ་རན་ཡུལ་གྱི་བར་དུ་དེད་དེ་སེ་ཨིར་རི་རྒྱུད་ལ་གནས་པའི་ཧོར་པ་རྣམས་ལས་རྒྱལ་ལོ། ༧ དེ་ནས་ལོག་ཅིང་ཁ་དཱེས་ལ་ཡོད་པའི་ཨེན་མིས་ཕད་དུ་ཕྱིན་ཏེ། ཨ་མ་ལེག་པའི་ཡུལ་ཐམས་ཅད་དང་། ཧ་ཚ་ཚོན་ཐ་མར་དུ་གནས་པའི་ཨ་མོར་པ་ལས་ཀྱང་རྒྱལ་ལོ། ༨ དེའི་ཚེ་སོ་དོམ་དང་། གོ་མོ་རཱ་དང་། ཨད་མཱ་དང་། ཚེ་བོ་ཨིམ་དང་། བེ་ལཱ་ཡང་ན་ཚོ་ཨར་གྱི་རྒྱལ་པོ་ལྔས། སིད་དིམ་ལུང་པ་ལ་ཡོད་པ་རྣམས་ལ་འཐབ་པའི་གྲབས་བྱས། ༩ ཟེར་ན་ཨེ་ལམ་གྱི་རྒྱལ་པོ་ཀེ་དར་ལ་ཨོ་མེར་དང་། གོ་ཡིམ་པའི་རྒྱལ་པོ་ཐིད་ཨལ་དང་། ཤི་ནེ་ཨར་གྱི་རྒྱལ་པོ་ཨམ་ར་ཕེལ་དང་། ཨེལ་ལཱ་སར་གྱི་རྒྱལ་པོ་ཨར་ཡོག་བཞི་ལ་དམག་འདྲེན་པའི་གྲོས་བྱས་སོ། ༡༠ སོ་དོམ་དང་གོ་མོ་རཱའི་རྒྱལ་པོ་གཉིས་བྲོས་ཏེ། སིད་དིམ་ལུང་པ་ན་བྲག་ཞུན་གྱི་དོང་ཤིན་ཏུ་མང་པོ་ཡོད་པ་དེའི་ནང་དུ་ལྷུང་། ལུས་པ་རྣམས་རི་ཁྲོད་དུ་ཤོར་རོ། ༡༡ དེ་དག་གིས་སོ་དོམ་དང་གོ་མོ་རཱ་ལ་ཡོད་པའི་ནོར་དང་འཚོ་བའི་རྒྱགས་ཐམས་ཅད་ཁྱེར། ༡༢ སོ་དོམ་ན་གནས་པའི་ཨབ་རམ་གྱི་སྤུན་གྱི་བུ་ལོད་ནོར་དང་བཅས་པ་བཅོམ་སྟེ་ཁྱེར་ནས་སོང་ངོ་༎༡༣ ཤོར་བའི་མི་ཞིག་འོངས་ཏེ་ཨིབ་རི་པ་ཨབ་རམ་ལ་བྱ་བ་དེ་བཤད་དོ། དེ་དུས་ལ་ཨབ་རམ་་ཨེས་ཀོལ་དང་ཨ་ནེར་གཉིས་ཀྱི་སྤུན་ཨ་མོར་པ་མམ་རེ་བྱ་བའི་བེ་ཤིང་གི་གསེབ་ལ་གནས་ཏེ། དེ་དག་ཨབ་རམ་དང་ཁ་ཆད་བྱས་པ་ཡིན། ༡༤ རང་གི་སྤུན་བཟུང་ནས་ཁྱེར་པ་དེ་ཨབ་རམ་གྱིས་ཐོས་ནས། རང་གི་ཁྱིམ་ན་སྐྱེས་པའི་མི་བརྟན་པོ་སུམ་བརྒྱ་དང་བཅོ་བརྒྱད་ཁྲིད་དེ། དཱན་བྱ་བའི་ཡུལ་གྱི་བར་དུ་དེ་དག་ལ་བདས་སོ། ༡༥ དེར་གཡོག་པོའི་དཔུང་སོ་སོར་བགྱེས་ནས། མཚན་མཆོང་བཏབ་སྟེ་དེ་རྣམས་ལས་རྒྱལ་ནས། ད་མཱ་སེག་གི་གཡོན་དུ་ཡོད་པའི་ཧོ་བཱ་བྱ་བའི་ཡུལ་གྱི་བར་དུ་དེ་དག་ལ་དེད་ནས། ༡༦ ནོར་ཐམས་ཅད་ཀྱང་ཕྱིར་བླངས་ཏེ། སྤུན་ལོད་དང་། དེའི་ནོར་དང་། བུད་མེད་རྣམས་དང་། མི་ཀུན་ཀྱང་ཕྱིར་ལོག་བླངས་སོ༎
༡༧ ཀེ་དར་ལ་ཨོ་མེར་དང་འགྲོགས་པའི་རྒྱལ་པོ་རྣམས་ལས་རྒྱལ་ནས་ཕྱིར་ལོག་པ་ལས། སོ་དོམ་གྱི་རྒྱལ་པོ་ཤ་ཝེ་ལུང་པ་རུ་བསུར་འོངས་སོ། ལུང་པ་དེ་ལ་རྒྱལ་པོའི་ལུང་པ་ཡང་ཟེར་རོ། ༡༨ ཡང་ཤ་ལེམ་གྱི་རྒྱལ་པོ་མལ་ཀི་ཚེ་དེག་གིས་བག་ལེབ་དང་རྒུན་ཆང་དྲངས་སོ། ཁོང་ནི་བླ་ན་མེད་པའི་དཀོན་མཆོག་གི་བླ་མ་ཡོད་པ་ཡིན། ༡༩ ཡང་ཁོང་གིས་དེ་ལ་བྱིན་རླབས་གནང་ནས་དེ་ལ། ནམ་མཁའ་དང་ས་གཉིས་ཀྱི་བདག་པོ་ལགས་པའི་བླ་ན་མེད་པའི་དཀོན་མཆོག་གིས་ཨབ་རམ་ལ་བྱིན་གྱིས་རློབས་པར་ཤོག་ཅིག ༢༠ ཁྱོད་ཀྱི་དགྲ་བོ་རྣམས་ཁྱོད་ཀྱི་ལག་ཏུ་གནང་། བླ་ན་མེད་པའི་དཀོན་མཆོག་ལ་བཀྲ་ཤིས་ཤོག་ཅིག་ཅེས་སྨྲས་ནས། ཨབ་རམ་གྱིས་ཁོང་ལ་ཐམས་ཅད་ཀྱི་བཅུ་ཁག་ཕུལ་ལོ། ༢༡ དེ་ནས་སོ་དོམ་གྱི་རྒྱལ་པོས་ཨབ་རམ་ལ། མི་རྣམས་ང་ལ་གནོང་ཞིག་དང་། ནོར་ཁྱེད་བཞེས་ཤིག་ཅེས་སྨྲས་ནས། ༢༢ ཨབ་རམ་གྱིས་སོ་དོམ་རྒྱལ་པོ་ལ། ངས་ནམ་མཁའ་དང་ས་གཉིས་ཀྱི་བདག་པོ་ལགས་པའི་བླ་ན་མེད་པའི་ཡ་ཧོ་ཝཱ་དཀོན་མཆོག་གི་མནའ་ཁུར་བ་ཡིན། ༢༣ ཁྱོད་ལ་ཡོད་པ་ཐམས་ཅད་ལས་ངས་སྐུད་པ་ཞིག་གམ་ལྷག་སྒྲོག་ཅིག་ཙམ་ཡང་མི་ལེན། ཁྱོད་ཀྱིས་ངས་ཨབ་རམ་ཕྱུག་པོར་བྱས་སྨྲ་བར་མི་རུང་ངོ་། ༢༤ གཞོན་ནུ་རྣམས་ཀྱིས་ཅི་ཟོས་པ་དང་། ང་མཉམ་དུ་སོང་བ་རྣམས་ཀྱི་སྐལ་བ་མ་གཏོགས་པར། གཞན་ཨ་ནེར་དང་། ཨེས་ཀོལ་དང་། མམ་རེ་གསུམ་གྱིས་རང་རང་གི་སྐལ་བ་ལེན་པའི་རིགས་སོ༎