༡༣
དེ་ནས་ཨབ་རམ་དང་། རང་གི་ཆུང་མ་དང་། ཁོ་ལ་ཡོད་པ་ཐམས་ཅད་ལོད་དང་བཅས་པ་མི་སེར་ཡུལ་ནས་ལྷོ་ཕྱོགས་ཀྱི་ཡུལ་དུ་ཕྱིར་གྱེན་ལ་སོང་ངོ་། ༢ ཨབ་རམ་ལ་ནོར་དང་དངུལ་དང་གསེར་མང་པོ་ཡོད་ཅིང་ཤིན་ཏུ་ཕྱུག་པོ་ཡོད་པ་ཡིན། ༣ ཡང་སྐོར་སྐོར་བ་ལས་ལྷོ་ཕྱོགས་ཀྱི་ཡུལ་ནས་བེད་ལེ་ཧེམ་གྱི་བར་དུ་ཕྱིན་ཏེ། བེད་ལེ་ཧེམ་དང་ཨ་ཨིའི་བར་ལ་སྔར་ཁོའི་གུར་ཡོད་ས་དང་། ༤ སྔོན་ལ་བཟོས་པའི་མཆོད་ཁྲིའི་གནས་དེ་རུ་ཕྱིན་ནས། ཨབ་རམ་གྱིས་ཡ་ཧོ་ཝཱའི་མཚན་བརྗོད་དོ། ༥ ཨབ་རམ་དང་མཉམ་དུ་འགྲོ་བའི་ལོད་ལ་ཡང་ལུག་དང་ཕྱུགས་དང་རེ་བོ་རྣམས་ཡོད་དོ། ༦ དེ་དག་ཕྱོགས་གཅིག་ཏུ་གནས་ན་ཡུལ་དུ་འཚོ་མ་ཐུབ། གང་ལ་ཟེར་ན། ནོར་ཆེན་པོ་ཡོད་པས་ཕྱོགས་གཅིག་ཏུ་གནས་མི་སྲིད་པའི་ཕྱིར་རོ། ༧ དེའི་ཕྱིར་ཨབ་རམ་གྱི་ཁྱུའི་རྫི་བོ་རྣམས་དང་ལོད་ཀྱི་ཕྱུགས་རྫི་རྣམས་གཅིག་ལ་གཅིག་རྒོལ་བར་བྱས། ཀ་ན་ཨན་པ་དང་ཕེ་རི་ཟི་པ་རྣམས་ཀྱང་དེའི་དུས་སུ་ཡུལ་ན་གནས་སོ༎༨ ཨབ་རམ་གྱིས་ལོད་ལ། ང་དང་ཁྱོད་གཉིས་སྤུན་ཡིན་པས། ངེད་གཉིས་དང་། ངའི་རྫི་བོ་རྣམས་དང་ཁྱོད་ཀྱི་རྫི་བོ་རྣམས་ཀྱི་ནང་འཛིང་འཁྲབ་འབྱུང་བའི་མི་རིགས་སོ། ༩ ཡུལ་ཚང་མ་ཁྱོད་ཀྱི་མདུན་དུ་མི་འདུག་གམ། དེའི་ཕྱིར་ང་དང་གྱེས་ལ། ཁྱོད་གཡོན་དུ་འགྲོ་ན་ང་གཡས་སུ་འགྲོ། ཁྱོད་གཡས་སུ་འགྲོ་ན་ང་གཡོན་ཕྱོགས་སུ་འགྲོའོ་ཞེས་སྨྲས་སོ། ༡༠ ལོད་རང་གི་མིག་བཏེགས་སྟེ་ཡོར་དན་ཆུ་བོའི་ཡུལ་འཁོར་རྩྭ་ཆུ་ཤིན་ཏུ་འཛོམ་པོ་ཐམས་ཅད་ལ་བལྟས་སོ། ཡ་ཧོ་ཝཱས་སོ་དོམ་དང་གོ་མོ་རཱ་གྲོང་ཁྱེར་གཉིས་མེད་པར་མཛད་པའི་སྔོན་དུ་ཡུལ་འཁོར་དེའི་ཡུལ་ཚོ་ཨར་ཟེར་བའི་བར་དུ་ཡ་ཧོ་ཝཱའི་ཚལ་མི་སེར་ཡུལ་ལྟ་བུ་བཟང་པོ་ཡོད་པ་ཡིན། ༡༡ ལོད་ཀྱིས་ཡོར་དན་ཆུའི་ཡུལ་འཁོར་ཐམས་ཅད་འདམས་ནས། ཤར་ཕྱོགས་སུ་ཆས་པ་དང་། སྤུན་གཉིས་གྱེས་སོ། ༡༢ ཨབ་རམ་་ཀ་ན་ཨན་ཡུལ་དུ་གནས་ཤིང་ལོད་ཡུལ་འཁོར་གྱི་གྲོང་ཁྱེར་རྣམས་ན་གནས་ཏེ། སོ་དོམ་གྱི་བར་དུ་རང་གི་རེ་བོ་ཕུབ་ཀྱིན་རྒྱུ་བར་བྱས། ༡༣ སོ་དོམ་ལ་ཡོད་པའི་མི་ངན་པ་དང་། ཡ་ཧོ་ཝཱའི་སྤྱན་སྔར་མི་སྡིག་པོ་ཆེ་ཡོད་དོ༎
༡༤ ལོད་གྱེས་ནས་ཡ་ཧོ་ཝཱས་ཨབ་རམ་ལ། ཁྱོད་ཀྱི་མིག་ཐེགས་ལ་ཁྱོད་གང་ན་བ་ནས་བྱུང་བ་དང་། ལྷོ་དང་། ཤར་དང་། ནུབ་ཕྱོགས་སུ་ལྟོས་ཤིག ༡༥ ཁྱོད་ཀྱིས་མཐོང་བའི་ཡུལ་ཐམས་ཅད་ནི་ངས་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ལ་དུས་གཏན་དུ་གཏང་ངོ་། ༡༦ ངས་ས་རྡུལ་ལྟར་ཁྱོད་ཀྱི་བུ་བརྒྱུད་བྱེད་པར་བྱའོ། མི་ཞིག་སའི་རྡུལ་གྱི་གྲངས་རྩི་སྲིད་ན། ཁྱོད་ཀྱི་བུ་བརྒྱུད་ཀྱི་གྲངས་ཀྱང་རྩི་ཡོང་། ༡༧ ད་ལོངས་ལ་ཡུལ་གྱི་རིང་ཞེང་གཉིས་ལ་རྒྱུ་ཞིག ཅི་ལ་ཟེར་ན། ངས་དེ་ཁྱོད་ལ་སྟེར་ཡོང་བའི་ཕྱིར་རོ། ཞེས་བཀའ་གནང་ངོ་། ༡༨ ཨབ་རམ་གུར་ཕབ་ནས་ཐེགས་ཏེ། ཧེབ་རོན་ཡུལ་གྱི་མདུན་ལ་ཡོད་པའི་མམ་རེ་བྱ་བའི་བེ་ཤིང་གི་གསེབ་ལ་གནས་ཏེ། དེ་རུ་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཟོས་སོ༎