༡༢
དེ་ནས་ཡ་ཧོ་ཝཱས་ཨབ་རམ་ལ་གསུངས་པ། ད་ཁྱོད་རང་གི་ཕ་ཡུལ་དང་། ཉེ་འབྲེལ་དང་། ཕའི་ཁང་པ་ནས་ཐོན་ཅིག་དང་། ངས་ཁྱོད་ལ་བསྟན་པར་བྱ་བའི་ཡུལ་དུ་སོང་ཞིག  ངས་ཁྱོད་ལ་རིགས་བརྒྱུད་མང་པོ་བཏང་སྟེ་ཁྱོད་བྱིན་གྱིས་བརླབས་ནས། ཁྱོད་སྙན་གྲགས་དང་ལྡན་པར་བྱ་སྟེ། ཁྱོད་ནི་བྱིན་རླབས་སུ་གྱུར་ཅིག  གང་གིས་ཁྱོད་ལ་བྱིན་རླབས་བཏང་བ་ལ་ངས་ཀྱང་བྱིན་རླབས་གཏང་། གང་གིས་ཁྱོད་ལ་སྨོན་ལོག་འདེབས་པ་ལ་ངས་ཀྱང་སྨོན་ལོག་འདེབས་པར་བྱའོ། ཡང་ཁྱོད་ལས་ས་གཞིའི་མི་རབས་ཐམས་ཅད་བྱིན་གྱིས་རློབས་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ༎
 ཡ་ཧོ་ཝཱའི་བཀའ་བཞིན་དུ་ཨབ་རམ་་ལོད་དང་བཅས་སུ་སོང་ངོ་། ཨབ་རམ་ནི་ཧ་རན་ཡུལ་ནས་སོང་བའི་ཚེ་ལོ་བདུན་ཅུ་དོན་ལྔ་ལོན་ནོ།  ཡང་ཨབ་རམ་གྱིས་རང་གི་ཆུང་མ་ས་རཱ་ཨི་ཞེས་བྱ་བ་དང་། ནུ་བོའི་བུ་ལོད་དང་། བསགས་པའི་ནོར་ཐམས་ཅད་དང་། ཧ་རན་ཡུལ་ན་ཐོབ་པའི་མི་རྣམས་འཁྲིད་དེ་ཀ་ན་ཨན་ཡུལ་དུ་འགྲོ་བའི་ཕྱིར་སོང་ནས། ཀ་ན་ཨན་ཡུལ་དུ་བསླེབས་སོ།  དེ་ནས་ཡུལ་དེ་ནང་རྒྱུ་ཞིང་ཨབ་རམ་ས་ཆ་སི་ཀེམ་དུ་མོ་རེ་ཟེར་བའི་བེ་ཤིང་གི་བར་དུ་བསླེབས་སོ། དེའི་ཚེ་ཀ་ན་ཨན་པ་རྣམས་ཀྱང་ཡུལ་ན་གནས་སོ།  དེར་ཡ་ཧོ་ཝཱ་ཨབ་རམ་གྱིས་མཐོང་བར་གྱུར་ཏེ་དེ་ལ། ཁྱོད་ཀྱི་བུ་བརྒྱུད་ལ་ཡུལ་འདི་གཏོང་བར་བྱའོ་གསུངས་སོ། དེ་རུ་རང་གིས་མཐོང་བར་གྱུར་པའི་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཟོ་བར་བྱས་སོ།  དེ་ནས་བེད་ཨེལ་གྱི་ཤར་ཕྱོགས་སུ་ཡོད་པའི་རི་ཞིག་ཏུ་ཕྱིན་ནས། བེད་ཨེལ་གྱི་ནུབ་ཕྱོགས་དང་ཨ་ཨིའི་ཤར་ཕྱོགས་སུ་ཡོད་པའི་གནས་ཤིག་ཏུ་གུར་ཕུབ་པ་དང་། དེ་རུ་ཁོས་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཟོས་ཏེ། ཡ་ཧོ་ཝཱའི་མཚན་བརྗོད་དོ།  ཡང་ཨབ་རམ་སོང་སོང་བ་ལས་ད་རུང་ལྷོ་ཕྱོགས་སུ་སོང་ངོ་༎
༡༠ ཡུལ་དེའི་ནང་ན་མུ་གེ་ཤོར་ཞིང་། མུ་གེ་ཚབས་ཆེ་བའི་རྐྱེན་གྱིས་ཨབ་རམ་བྱེས་ལ་གནས་པའི་ཕྱིར་མི་སེར་ཡུལ་དུ་བབ་བོ། ༡༡ དེ་ནས་མི་སེར་ཡུལ་དུ་འཇུག་ཏུ་ཉེ་བའི་ཚེ་ཆུང་མ་ས་རཱ་ཨི་ལ་སྨྲས་པ། ད་ཁྱོད་ལྟ་ན་སྡུག་པའི་བུད་མེད་ཅིག་ཡིན་པ་ངས་ཤེས། ༡༢ མི་སེར་པས་ཁྱོད་མཐོང་ན་ཁྱོད་ནི་ངའི་ཆུང་མ་ཡིན་པར་ཤེས་ཏེ། ང་བསད་ནས་ཁྱོད་གསོན་དུ་འཇུག་པར་འགྱུར་རོ། ༡༣ དེའི་ཕྱིར་ཁྱོད་ཀྱིས་ང་ནི་ཁོའི་སྲིང་མོ་ཡིན་ཞེས་སྨྲོས་ཤིག དེ་ཅིའི་ཕྱིར་ཞེ་ན། ང་ཁྱོད་ཀྱི་དོན་དུ་བདེ་ཞིང་ཁྱོད་ཀྱི་དོན་དུ་ངའི་སེམས་འཚོ་བར་འགྱུར་བའི་ཕྱིར་རོ། ༡༤ ཨབ་རམ་་མི་སེར་ཡུལ་དུ་ཕྱིན་ནས། བུད་མེད་ཤིན་ཏུ་མཛེས་པ་ཞིག་ཡིན་པ་མི་སེར་པས་མཐོང་ངོ་། ༡༥ ཕར་ཨོའི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་དེ་མཐོང་ནས་ཕར་ཨོའི་མདུན་དུ་དེ་ལ་བསྟོད་པས། ཕར་ཨོའི་ཕོ་བྲང་དུ་བུད་མེད་འཁྱེར་བར་གྱུར་ཏོ། ༡༦ དེས་བུད་མེད་ཀྱི་ཕྱིར་དུ་ཨབ་རམ་ལ་ཞེ་ས་བྱེད་དེ། ཨབ་རམ་ལ་ལུག་དང་། བ་གླང་དང་། བོང་ཕོ་དང་། བྲན་པོ་དང་། བྲན་མོ་དང་། བོང་མོ་དང་། རྔ་མོང་རྣམས་གནང་ངོ་༎
༡༧ འོན་ཀྱང་ཡ་ཧོ་ཝཱས་ཕར་ཨོའི་ཁྱིམ་དང་བཅས་པ་ལ་ཨབ་རམ་གྱི་ཆུང་མ་ས་རཱ་ཨིའི་ཕྱིར་བར་ཆད་ཆེན་པོ་རྣམས་གནང་ངོ་། ༡༨ ཕར་ཨོས་ཨབ་རམ་བོས་ནས་དེ་ལ། ཁྱོད་ཀྱིས་ང་ལ་བྱས་པ་དེ་ཅི་ཡིན། འདི་ནི་ཁྱོད་ཀྱི་ཆུང་མ་ཡིན་པས་ཅིའི་ཕྱིར་ང་ལ་མ་སྨྲས། ༡༩ ཁྱོད་ཀྱིས་འདི་ནི་ངའི་སྲིང་མོ་ཡིན་སྨྲས་ཏེ། ཅིའི་ཕྱིར་ང་ལ་ཆུང་མ་བྱེད་དུ་བཅུག ད་ལྟོས་ཤིག འདི་རུ་ཁྱོད་ཀྱི་ཆུང་མ་ཡོད་པས་ལོན་ལ་སོང་ཞིག་ཅེས་སྨྲས་སོ། ༢༠ ཕར་ཨོས་བཏང་བའི་མི་དེ་དག་གིས་ཁོ་དང་། ཆུང་མ་དང་། ཁོ་ལ་ཡོད་པ་ཐམས་ཅད་སྐྱེལ་བར་བྱས་སོ༎