༡༡
ཡང་ས་ཐམས་ཅད་ལ་སྐད་གཅིག་དང་གཏམ་གཅིག་འབའ་ཞིག་ཡོད་པ་ཡིན། ༢ ཡང་མི་རྣམས་ཤར་ཕྱོགས་སུ་སོང་བ་ལས་ཤི་ནེ་ཨར་ཡུལ་ན་ཡོད་པའི་ཐང་ཞིག་ཐོབ་སྟེ་དེ་རུ་གནས་སོ། ༣ དེ་ནས་གཅིག་གིས་གཅིག་ལ། ད་ང་ཅག་གིས་པག་གུ་བྱས་ནས་མེས་སྲེག་པར་བྱའོ་སྨྲས་ནས། རྡོའི་ཚབ་ལ་པག་གུ་བྱས་ཤིང་འཇིམ་པའི་ཚབ་ལ་བྲག་ཞུན་བླངས་སོ། ༤ ཡང་དེ་དག་གིས་ད་གྲོང་ཁྱེར་ཞིག་དང་སྤེའུ་ཡི་རྩེ་མོ་ནམ་མཁའ་ལ་ཐུག་པ་ཞིག་བཟོ་བར་བྱ། དེ་ལྟར་རང་ཅག་གི་མིང་གྲགས་འདོན་པར་བྱའོ། དེ་མིན་རང་ཅག་ས་ཐམས་ཅད་ཀྱི་ངོས་སུ་ཡན་པར་འགྱུར་ཞེས་སྨྲས་སོ། ༥ དེའི་ཚེ་ཡ་ཧོ་ཝཱས་མིའི་བུ་རྣམས་ཀྱིས་བརྩིགས་པའི་གྲོང་ཁྱེར་དང་སྤེའུ་ལ་གཟིགས་པའི་ཕྱིར་བབས་སོ། ༦ དེ་ནས་ཡ་ཧོ་ཝཱས། ལྟོས་ཤིག་མི་བརྒྱུད་གཅིག་འབའ་ཞིག་ཡིན་ཏེ། དེ་ཚང་མ་ལ་སྐད་ཀྱང་གཅིག་འབའ་ཞིག་ཡོད་པས། འདི་ནི་དེ་དག་གིས་བྱེད་དུ་བརྩམས་པའི་འགོ་ཡིན་ཏེ། ད་ནི་དེ་དག་གིས་ཅི་དང་ཅི་བྱེད་དུ་གྲོས་བྱེད་པ་དེ་ལས་ཟློག་མི་འོང་བས། ༧ དེས་ན་དེ་དག་གཅིག་གིས་གཅིག་གི་སྐད་ཧ་གོ་བར་མི་འགྱུར་བའི་ཕྱིར། ང་ཅག་བབས་ཏེ་དེ་དག་གི་སྐད་འཛོལ་བར་བྱའོ་ཞེས་གསུངས་པ་དང་། ༨ ཡ་ཧོ་ཝཱས་དེ་དག་དེ་ནས་ས་ཐམས་ཅད་ཀྱི་ངོས་སུ་སོ་སོར་འགྱེ་བར་མཛད་པས། གྲོང་ཁྱེར་རྩིག་འཕྲོ་ལུས་སོ། ༩ དེའི་ཕྱིར་དེ་ལ་བཱ་བེལ་ཞེས་མིང་དུ་བཏགས་སོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེ་རུ་ས་ཐམས་ཅད་ཀྱི་སྐད་འཛོལ་བར་མཛད་དེ། ཡ་ཧོ་ཝཱས་དེ་དག་ས་ཐམས་ཅད་ཀྱི་ངོས་སུ་སོ་སོར་འགྱེ་བར་མཛད་པའི་ཕྱིར་རོ༎༡༠ འདི་ནི་ཤེམ་གྱི་རིགས་བརྒྱུད་ཡིན་ནོ། ཤེམ་ལོ་བརྒྱ་ལོན་ནས་ཆུ་རུད་ནས་ལོ་གཉིས་ཀྱི་འོག་ཏུ་ཨར་ཕག་ཤད་ཆད། ༡༡ ཨར་ཕག་ཤད་ཆད་ནས་ཤེམ་ལོ་ལྔ་བརྒྱ་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་ཆད་དོ༎
༡༢ ཡང་ཨར་ཕག་ཤད་ལོ་སུམ་ཅུ་སོ་ལྔ་ལོན་ནས་ཤེ་ལཱ་ཆད། ༡༣ ཤེ་ལཱ་ཆད་ནས་ཨར་ཕག་ཤད་ལོ་བཞི་བརྒྱ་དང་གསུམ་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་ཆད་དོ༎
༡༤ ཤེ་ལཱ་ལོ་སུམ་ཅུ་ལོན་ནས་ཨེ་བེར་ཆད། ༡༥ ཨེ་བེར་ཆད་ནས་ཤེ་ལཱ་ལོ་བཞི་བརྒྱ་དང་གསུམ་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་ཆད་དོ༎
༡༦ ཨེ་བེར་ལོ་སུམ་ཅུ་སོ་བཞི་ལོན་ནས་ཕེ་ལེག་ཆད། ༡༧ ཕེ་ལེག་ཆད་ནས་ཨེ་བེར་ལོ་བཞི་བརྒྱ་དང་སུམ་ཅུ་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་ཆད་དོ༎
༡༨ ཕེ་ལེག་ལོ་སུམ་ཅུ་ལོན་ནས་རེ་གུ་ཆད། ༡༩ རེ་གུ་ཆད་ནས་ཕེ་ལེག་ལོ་ཉིས་བརྒྱ་དང་དགུ་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་ཆད་དོ༎
༢༠ རེ་གུ་ལོ་སུམ་ཅུ་སོ་གཉིས་ལོན་ནས་སེ་རུག་ཆད། ༢༡ སེ་རུག་ཆད་ནས་རེ་གུ་ལོ་ཉིས་བརྒྱ་དང་བདུན་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་ཆད་དོ༎
༢༢ ཡང་སེ་རུག་ལོ་སུམ་ཅུ་ལོན་ནས་ན་ཧོར་ཆད། ༢༣ ན་ཧོར་ཆད་ནས་སེ་རུག་ལོ་ཉིས་བརྒྱ་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་ཐོབ་བོ༎
༢༤ ན་ཧོར་ལོ་ཉི་ཤུ་རྩ་དགུ་ལོན་ནས་ཐ་རཱ་ཆད། ༢༥ ཐ་རཱ་ཆད་ནས་ན་ཧོར་ལོ་བརྒྱ་དང་བཅུ་དགུ་འཚོ་བ་དང་། བུ་དང་བུ་མོ་གཞན་རྣམས་ཀྱང་འབྱོར།
༢༦ ཡང་ཐ་རཱ་ལོ་བདུན་ཅུ་ལོན་ནས་ཨབ་རམ་དང་། ན་ཧོར་དང་། ཧ་རན་ཆད་དོ༎
༢༧ ཐ་རཱའི་རིགས་བརྒྱུད་འདི་ལྟ་སྟེ། ཐ་རཱ་ནས་ཨབ་རམ་དང་། ན་ཧོར་དང་། ཧ་རན་ཆད། ཧ་རན་ནས་ལོད་ཆད་དོ། ༢༨ ཡང་ཧ་རན་ནི་ཕ་ཐ་རཱ་ཡི་གོང་དུ་ཀལ་དཱི་ལྗོངས་ཀྱི་རང་གི་ཕ་ཡུལ་ཨུར་དུ་ཤིའོ། ༢༩ ཡང་ཨབ་རམ་དང་ན་ཧོར་གཉིས་ཀྱིས་ཆུང་མ་རྣམས་བླངས། ཨབ་རམ་གྱི་ཆུང་མའི་མིང་ས་རཱ་ཨི་དང་། ཧ་རན་གྱི་བུ་མོ་ཡིན་པའི་ན་ཧོར་གྱི་ཆུང་མའི་མིང་ལ་མིལ་ཀཱ་བྱའོ། ཧ་རན་ནི་མིལ་ཀཱ་དང་ཡིས་ཀཱའི་ཕ་ཡིན་ནོ། ༣༠ ས་རཱ་ཨི་མོ་ཤམ་ཡིན་ཏེ་ཕྲུ་གུ་མེད་དོ༎
༣༡ ཡང་ཐ་རཱ་ཡིས་རང་གི་བུ་ཨབ་རམ་དང་། རང་གི་བུ་ཧ་རན་གྱི་བུ་ལོད་དང་། རང་གི་བུ་ཨབ་རམ་གྱི་ཆུང་མ་ས་རཱ་ཨི་བྱ་བའི་མནའ་མ་འཁྲིད་དེ། དེ་དག་དང་མཉམ་དུ་ཀལ་དཱི་ལྗོངས་སུ་ཡོད་པའི་ཨུར་ཡུལ་ནས་ཀ་ན་ཨན་ཡུལ་དུ་འགྲོ་བའི་ཕྱིར་སོང་སྟེ། ཧ་རན་ཡུལ་དུ་ཕྱིན་ནས་དེ་རུ་གནས་སོ། ༣༢ ཐ་རཱ་ཡི་ཚེ་ལོ་ཉིས་བརྒྱ་དང་ལྔ་ཕྱིན་ཏེ་ཧ་རན་ཡུལ་དུ་གྲོངས་སོ༎