ཡང་དཀོན་མཆོག་གིས་ནོ་ཨ་དང་དེའི་བུ་རྣམས་ལ་བྱིན་རླབས་མཛད་ཅིང་གསུངས་པ། བརྒྱུད་དང་ལྡན་པར་གྱུར་ནས་མང་པོ་འཕེལ་བར་གྱུར་ལ་ས་ཁོང་ཞིག  ཡང་སའི་སྲོག་ཆགས་ཐམས་ཅད་དང་། ནམ་མཁའི་བྱ་ཐམས་ཅད་དང་། ས་ལ་འགྲོ་བ་ཐམས་ཅད་དང་། རྒྱ་མཚོའི་ཉ་ཐམས་ཅད་ཁྱེད་ཀྱི་འཇིགས་པས་སྐྲག་པར་གྱུར་ཅིག ཁྱེད་ཀྱི་ལག་པ་རུ་བཏང་ངོ་།  སྲོག་ཅན་ས་ལ་རྒྱུ་བ་ཐམས་ཅད་ཁྱེད་ལ་ཁ་ཟས་སུ་བསྟེར། སྔོ་ཚོད་ལྟར་ངས་དེ་དག་ཁྱེད་ལ་སྟེར་རོ།  འོན་ཀྱང་ཤ་དང་མཉམ་དེའི་སྲོག་ཡིན་པའི་ཁྲག་འབའ་ཞིག་མ་ཟ།  ཡང་ཁྱེད་རེ་རེའི་སྲོག་གི་ཁྲག་གི་ལན་ངས་བླང་ངོ་། དུད་འགྲོ་རེ་རེའི་ལག་པ་ནས་ལན་བླང་བ་དང་། མིའི་ལག་པ་ནས་ཟེར་ན། སྤུན་ཡིན་པའི་མི་རེ་རེའི་ལག་པ་ནས་མིའི་སྲོག་གི་ལན་བླང་བར་བྱའོ།  སུས་ཀྱང་མིའི་ཁྲག་འཕོ་ན་དེའི་ཁྲག་ཀྱང་མིས་འཕོ་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཉིད་ཀྱི་དབྱིབས་ལྟར་དཀོན་མཆོག་གིས་མི་ནི་བཀོད་པའི་ཕྱིར་རོ།  ཁྱེད་ནི་བརྒྱུད་དང་ལྡན་པར་གྱུར་ཏེ་འཕེལ་ལ། ས་ལ་འགྲོ་སྟེ་སའི་ཁ་ལ་མང་པོ་འཕེལ་བར་གྱུར་ཅིག་ཅེས་གསུངས་སོ༎
 ཡང་དཀོན་མཆོག་གིས་ནོ་ཨ་རང་གི་བུ་དང་བཅས་པ་ལ།  ད་ལྟོས་ཤིག ངས་ནི་ཁྱེད་དང་ཁྱེད་ཀྱི་རྗེས་ལ་འོང་བའི་བུ་བརྒྱུད་དང་། ༡༠ ཁྱེད་དང་མཉམ་དུ་ཡོད་པའི་སེམས་ཅན་ཐམས་ཅད་ཟེར་ན། རྐང་བཞི་པ་དང་། དུད་འགྲོ་ཐམས་ཅད་དང་། སྒམ་གྱི་ནང་ནས་ཐོན་པའི་སའི་དུད་འགྲོ་ཐམས་ཅད་ལ་བལྟས་ནས་དེ་ཐམས་ཅད་དང་ངས་ཞལ་ཆད་བྱེད་དོ། ༡༡ ངས་ཁྱེད་དང་བྱེད་པའི་ཞལ་ཆད་འདི་ལྟ་སྟེ། ད་ཕྱིན་ཆད་ཆུ་ལོག་གི་ཆུ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མེད་པར་མི་འགྱུར་ཞིང་། ས་འཇིག་པའི་ཕྱིར་ད་ཕྱིན་ཆད་ཆུ་ལོག་འབྱུང་བར་མི་འགྱུར་རོ་ཞེས་བཀའ་སྩལ་ཏོ། ༡༢ ཡང་དཀོན་མཆོག་གིས་ཁྱེད་རྣམས་དང་ཁྱེད་དང་མཉམ་དུ་ཡོད་པའི་སེམས་ཅན་ཐམས་ཅད་དང་། དུས་ཐམས་ཅད་ཀྱི་བརྒྱུད་རྣམས་དང་ངས་བྱས་པའི་ཞལ་ཆད་ཀྱི་རྟགས་ནི་འདི་ཡིན། ༡༣ ངའི་འཇའ་སྤྲིན་གྱི་ནང་དུ་འཛུགས་པ་འདི་ནི་ངས་ས་དང་བྱས་པའི་ཁ་ཆད་ཀྱི་རྟགས་སུ་འགྱུར་དགོས། ༡༤ ཡང་ངས་སའི་སྟེང་དུ་སྤྲིན་བྱེད་པའི་ཚེ། སྤྲིན་གྱི་ནང་ན་འཇའ་སྣང་བ་དང་། ༡༥ ངས་ཁྱོད་དང་སྲོག་དང་ལྡན་པའི་སེམས་ཅན་དང་བྱས་པའི་ཁ་ཆད་དྲན་ཏེ། ད་ཕྱིན་ཅད་སེམས་ཅན་ཐམས་ཅད་མེད་པར་བྱེད་པའི་ཆུ་རྣམས་ཀྱི་ཆུ་ལོག་མི་འབྱུང་། ༡༦ སྤྲིན་ནང་ཡོད་པའི་འཇའ་ལ་ངས་གཟིགས་ཤིང་དཀོན་མཆོག་གིས་ས་ལ་ཡོད་པའི་སྲོག་དང་ལྡན་པའི་སེམས་ཅན་ཐམས་ཅད་དང་བྱས་པའི་ཞལ་ཆད་རྒྱུན་ཆད་མེད་པར་དྲན་པར་བྱའོ་ཞེས་བཀའ་གནང་ངོ་། ༡༧ ཡང་དཀོན་མཆོག་གིས་ནོ་ཨ་ལ། དེ་ནི་ངས་སའི་སེམས་ཅན་ཐམས་ཅད་དང་བྱས་པའི་ཁ་ཆད་ཀྱི་རྟགས་ཡིན་ཞེས་གསུངས་སོ༎
༡༨ ནོ་ཨའི་བུ་སྒམ་གྱི་ནང་ནས་བྱུང་བ་རྣམས་ནི་ཤེམ་དང་། ཧམ་དང་། ཡ་ཕེད་དང་གསུམ་མོ། ཧམ་ནི་ཀ་ན་ཨན་བྱ་བའི་ཕ་ཡིན་ནོ། ༡༩ དེ་གསུམ་ནི་ནོ་ཨའི་བུ་ཡིན། དེ་དག་ནས་ས་གཞི་ཐམས་ཅད་ལ་འཕེལ་ལོ༎
༢༠ ཡང་ནོ་ཨས་ཞིང་འབད་དེ། རྒུན་ཚལ་འཛུགས་པའི་འགོ་བཙུགས་ནས། ༢༡ རྒུན་ཆང་འཐུང་ཞིང་ར་རོ་བས་གུར་གྱི་ནང་ན་གཅེར་བུར་གྱུར་ཏོ། ༢༢ ཡང་ཀ་ན་ཨན་གྱི་ཕ་ཧམ་གྱིས་ཕ་གཅེར་བུར་མཐོང་ནས་ཕྱི་རོལ་ན་ཡོད་པའི་སྤུན་གཉིས་ལ་བཤད་དོ། ༢༣ དེ་ནས་ཤེམ་དང་ཡ་ཕེད་གཉིས་ཀྱིས་གོས་བཟུང་སྟེ་གཉིས་ཀའི་གཉའ་བར་འཁུར་བ་དང་། རྒྱབ་ལོག་སྟེ་ཕྱི་འགྲོས་ཀྱིས་གཅེར་བུར་ཡོད་པའི་ཕ་བཀབ་ནས་གདོང་མ་བསྟན་པས་ཕ་གཅེར་བུར་མ་མཐོང་ངོ་། ༢༤ ཡང་ནོ་ཨ་ར་རོ་བའི་གཉིད་སངས་ཏེ་རང་ལ་བུ་ཆུང་བས་ཅི་བྱས་པ་དེ་ཤེས་ནས། ༢༥ ཁོས་ཀ་ན་ཨན་དམོད་པར་གྱུར་ལ་སྤུན་གྱི་གཡོག་པོའི་གཡོག་བྱོས་ཤིག་ཅེས་སྨྲས་སོ༎
༢༦ ཡང་སྨྲས་པ། ཡ་ཧོ་ཝཱ་ཤེམ་གྱི་དཀོན་མཆོག་ལ་བསྟོད་བསྔགས་པར་གྱུར་ཅིག ཀ་ན་ཨན་གྱིས་ཁོའི་གཡོག་བྱོས་ཤིག ༢༧ དཀོན་མཆོག་གིས་ཡ་ཕེད་དར་དུ་ཆུག་ཅིག ཤེམ་གྱི་གུར་རྣམས་ན་གནས་པར་གྱུར་ཅིག ཡང་ཀ་ན་ཨན་གྱིས་ཁོའི་གཡོག་བྱོས་ཤིག་ཅེས་སྨྲས་སོ། ༢༨ ཡང་ཆུ་ལོག་གི་འོག་ཏུ་ནོ་ཨ་ལོ་གསུམ་བརྒྱ་དང་ལྔ་བཅུ་ཚེ་འཚོ་བར་གྱུར་ཏོ། ༢༩ དེ་ལྟར་ནོ་ཨའི་ཚེ་ཚད་ལོ་དགུ་བརྒྱ་དང་ལྔ་བཅུ་ཙམ་དུ་ཕྱིན་ཏེ་ཤིའོ༎