༨
དེའི་ཚེ་དཀོན་མཆོག་གིས་ནོ་ཨ་ལ། ནོ་ཨ་དང་མཉམ་དུ་སྒམ་གྱི་ནང་ན་ཡོད་པའི་དུད་འགྲོ་ཐམས་ཅད་དང་། རྐང་བཞི་པ་ཐམས་ཅད་ཐུགས་ལ་དྲན་ནས། དཀོན་མཆོག་གིས་སའི་སྟེང་དུ་རླུང་རྒྱུག་བཅུག་པ་དང་ཆུ་བྲིའོ། ༢ ཡང་གཏིང་ཆེན་པོའི་ཆུ་མིག་དང་། ནམ་མཁའི་དཀར་ཁུང་ཡང་བཅད། ནམ་མཁའ་ནས་འབབ་པའི་དྲག་ཆར་ཡང་ཆད། ༣ སའི་ངོས་ནས་ཆུ་མང་དུ་བྲི་སྟེ། ཞག་བརྒྱ་དང་ལྔ་བཅུའི་རྗེས་ལ་བྲིའོ། ༤ ཟླ་བ་བདུན་པའི་ཚེས་བཅུ་བདུན་པའི་ཉིན་པར་རི་ཨ་ར་རད་བྱ་བ་ལ་སྒམ་ཁད་དོ། ༥ ཡང་ཟླ་བ་བཅུ་པའི་བར་དུ་ཆུ་བྲི་བྲི་བ་ལས། ཟླ་བ་བཅུ་པའི་ཚེས་དང་པོའི་ཉིན་པར་རི་རྩེ་རྣམས་ཐོན་ནོ༎༦ དེ་ནས་ཞག་བཞི་བཅུ་ལོན་ནས་ནོ་ཨས་སྒམ་ལ་བྱས་ཡོད་པའི་དཀར་ཁུང་ཕྱེ་སྟེ། ༧ ཕོ་རོག་ཅིག་ཕྱི་རུ་བཏང་བ་དང་། དེ་ནི་ས་ལ་ཆུ་སྐམ་པའི་བར་དུ་ཕན་ཚུན་ཕུར་ཏོ། ༨ དེ་ནས་ཆུ་ས་ནས་བྲི་ཚར་རམ་ཤེས་པའི་ཕྱིར་ཕུག་རོན་ཅིག་བཏང་ནས། ༩ ས་ཐམས་ཅད་ལ་ད་རུང་ཆུ་ཡོད་པས། ཕུག་རོན་དེ་རྐང་པ་འཛུགས་པའི་གནས་མ་ཐོབ་སྟེ་ཁོའི་དྲུང་དུ་སྒམ་ལ་ཕྱིར་ལོག་འོངས་པ་དང་། ཁོས་ལག་པ་བརྐྱངས་ནས་ཕུག་རོན་བཟུང་སྟེ་སྒམ་གྱི་ནང་དུ་ཕྱིར་བཞག་གོ། ༡༠ དེ་ནས་ཞག་བདུན་བསྒུགས་ཏེ་ཡང་ཕུག་རོན་ཞིག་སྒམ་ནས་ཕྱི་རོལ་ཏུ་བཏང་བས། ༡༡ ཕུག་རོན་དེ་ནུབ་མོའི་དུས་སུ་ཕྱིར་འོངས་ནས། ཁ་སྐྱུར་པོའི་ཤིང་གི་ལོ་མ་རློན་པ་ཞིག་མཆུ་ལ་འཐོགས་པ་མཐོང་བས། ནོ་ཨས་ཆུ་ས་ནས་བྲི་ཚར་བ་ཤེས་སོ། ༡༢ དེ་ནས་ཡང་ཞག་བདུན་གྱི་བར་དུ་བསྒུགས་ཏེ་ཕུག་རོན་ཅིག་བཏང་ནས། དེ་ཁོའི་དྲུང་དུ་ཕྱིར་མ་ལོག་གོ།
༡༣ ལོ་དྲུག་བརྒྱ་དང་གཅིག་པའི་ཟླ་བ་དང་པོའི་ཚེས་དང་པོ་ལ་ཆུ་སའི་སྟེང་དུ་བསྐམས་པའི་ཚེ་ནོ་ཨས་སྒམ་གྱི་ཐོག་བཀོག་ནས། ད་སའི་ངོས་སྐམ་ཡོད་པར་མཐོང་ངོ་། ༡༤ ཟླ་བ་གཉིས་པའི་ཚེས་ཉི་ཤུ་རྩ་བདུན་གྱི་ཉིན་པར་ས་སྐམ་ཚར་རོ། ༡༥ དེ་ནས་དཀོན་མཆོག་གིས་ནོ་ཨ་ལ། ༡༦ ད་ཁྱོད་དང་ཆུང་མ་དང་བུ་རྣམས་དང་ཁྱོད་ཀྱི་བུའི་ཆུང་མ་རྣམས་ཁྱོད་དང་མཉམ་དུ་སྒམ་ནས་སོང་ལ། ༡༧ ཁྱོད་དང་མཉམ་དུ་ཡོད་པའི་དུད་འགྲོ་ཐམས་ཅད་དང་། སེམས་ཅན་གྱི་རིགས་ཐམས་ཅད་བྱ་རྣམས་དང་། རྐང་བཞི་པ་རྣམས་དང་། ས་ལ་རྒྱུ་བའི་ལྟོ་འགྲོ་སྲིན་བུ་ཐམས་ཅད་ཁྱོད་དང་མཉམ་དུ་ཕྱི་རོལ་དུ་འཁྲིད། དེ་ཅིའི་ཕྱིར་ཞེ་ན། ས་ལ་འགྲུལ་བ་དང་། བརྒྱུད་དང་ལྡན་པར་གྱུར་ནས་ས་གཞི་འགེངས་པའི་ཕྱིར་རོ་ཞེས་བཀའ་སྩལ་པ་དང་། ༡༨ ནོ་ཨ་དང་། རང་གི་བུ་དང་། ཆུང་མ་དང་། བུའི་ཆུང་མ་རྣམས་ཕྱི་རོལ་དུ་སོང་བ་དང་། ༡༩ དུད་འགྲོ་ཐམས་ཅད་དང་། ལྟོ་འགྲོ་སྲིན་བུ་ཐམས་ཅད་དང་། བྱ་ཐམས་ཅད་དང་། ས་ལ་འགྲོ་བ་ཐམས་ཅད་རང་རང་གི་རིགས་བཞིན་དུ་སྒམ་གྱི་ཕྱི་རོལ་དུ་སོང་ངོ་༎
༢༠ དེ་ནས་ནོ་ཨས་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བརྩིགས་ནས་རྐང་བཞི་པ་གཙང་མ་ཐམས་ཅད་དང་། བྱ་གཙང་མ་ཐམས་ཅད་ལས་བླངས་ཏེ་མཆོད་ཁྲིའི་ཁར་སྦྱིན་སྲེག་ཏུ་ཕུལ་ལོ། ༢༡ ཡ་ཧོ་ཝཱས་དྲི་བསུང་ཡིད་དུ་འོང་བ་བསྣུམས་ནས། ཐོག་མ་སྐྱེས་ནས་མིའི་སྙིང་གི་བསམ་པ་ནི་ངན་པ་ཡིན་པས། ད་ཕྱིན་ཅད་མིའི་ཕྱིར་ངས་ས་གཞི་དམོད་པར་མི་བྱའོ། ད་ལྟ་བྱས་པ་ལྟར་ངས་ད་ཕྱིན་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུན་གཅོད་པར་མི་བྱའོ། ༢༢ ཡང་ད་ཕྱིན་ཅད་ས་གནས་པའི་བར་དུ་ས་བོན་དང་། སྟོན་ཐོག་དང་། ཚ་གྲང་དང་། དབྱར་དགུན་དང་། ཉིན་མཚན་གཅོད་པར་མི་བྱའོ་ཞེས་ཉིད་ཀྱི་ཐུགས་ལ་འཁྲུངས་སོ༎