དེ་ནས་ཡ་ཧོ་ཝཱས་ནོ་ཨ་ལ་གསུངས་པ། མི་བརྒྱུད་འདི་ལས་ཁྱོད་ངའི་དྲུང་དུ་ཆོས་དྲང་པོ་ཡིན་པ་མཐོང་བའི་ཕྱིར་ཁྱོད་རང་ཁྱིམ་གྱི་མི་ཐམས་ཅད་དང་བཅས་པ་སྒམ་གྱི་ནང་དུ་ཞུགས་ཤིག  སེམས་ཅན་གཙང་མ་ཐམས་ཅད་ནས་ཕོ་མོ་བདུན་བདུན་དང་། སེམས་ཅན་མི་གཙང་བ་ནས་ཕོ་མོ་གཉིས་གཉིས་དང་།  ནམ་མཁའི་བྱ་རྣམས་ནས་ཕོ་མོ་བདུན་བདུན་ཁྱོད་དང་མཉམ་དུ་ཁྱེར་ཅིག དེ་ཅིའི་ཕྱིར་ཞེ་ན། ས་གཞི་ཐམས་ཅད་ཀྱི་ངོས་སུ་བརྒྱུད་ཀྱི་ས་བོན་གསོན་པོར་ལུས་པའི་ཕྱིར་རོ།  འདི་ནས་ཞག་བདུན་གྱི་རྗེས་ལ་ངས་ཉིན་མཚན་བཞི་བཅུ་ས་ལ་ཆར་པ་འབེབས་ཏེ། ངས་བྱས་པའི་སེམས་ཅན་ཐམས་ཅད་ས་གཞི་ཚང་མའི་སྟེང་ནས་མེད་པར་བྱའོ་ཞེས་གསུངས་སོ།  ཇི་བཞིན་དཀོན་མཆོག་གིས་ནོ་ཨ་ལ་བཀའ་མཛད་པ་དེ་བཞིན་དུ་སྒྲུབ་པར་བྱས་སོ༎
 ནོ་ཨ་ལོ་དྲུག་བརྒྱ་ལོན་ཏེ་ཆུ་ལོག་ཆེན་པོ་ས་ལ་བབས་སོ།  ཡང་ཆུ་རུད་ཆེན་པོ་འབབ་རན་ནས་ནོ་ཨ་ནི་བུ་རྣམས་དང་ཆུང་མ་དང་། བུའི་ཆུང་མ་རྣམས་དང་བཅས་སུ་སྒམ་གྱི་ནང་དུ་ཞུགས་སོ།  དཀོན་མཆོག་གིས་ནོ་ཨ་ལ་མཛད་པའི་བཀའ་གསུངས་པ་བཞིན་དུ་སེམས་ཅན་གཙང་མ་ཡིན་པ་དང་། གཙང་མ་མ་ཡིན་པ་དང་། བྱ་རྣམས་དང་། ལྟོ་འགྲོ་སྲིན་བུ་ཐམས་ཅད་ལས།  ཕོ་མོ་གཉིས་གཉིས་ནོ་ཨའི་དྲུང་དུ་སྒམ་ནང་ཞུགས་སོ། ༡༠ དེ་ནས་ཞག་བདུན་གྱི་འོག་ཏུ་ཆུ་ལོག་གི་ཆུ་ས་ལ་ཡོད་དོ༎
༡༡ ནོ་ཨའི་ཚེ་ལོ་དྲུག་བརྒྱ་པའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་གྱི་ཞག་དེ་རང་ལ་རྒྱ་མཚོ་ཆེན་པོའི་གཏིང་གི་ཆུ་མིག་ཐམས་ཅད་ཀྱང་བརྡོལ། ནམ་མཁའི་དཀར་ཁུང་ཐམས་ཅད་ཀྱང་བྱེས། ༡༢ ཉིན་མཚན་བཞི་བཅུའི་བར་དུ་དྲག་ཆར་ས་རུ་བབ་བོ། ༡༣ དེ་རང་གི་ཞག་ལ་ནོ་ཨ་དང་། ནོ་ཨའི་བུ་ཤེམ་དང་ཧམ་དང་ཡ་ཕེད་གསུམ་དང་། ནོ་ཨའི་ཆུང་མ་དང་བུ་རྣམས་ཀྱི་ཆུང་མ་གསུམ་དང་བཅས་པ་སྒམ་གྱི་ནང་དུ་ཞུགས། ༡༤ དེ་དག་རང་དང་། དུད་འགྲོའི་རིགས་ཐམས་ཅད་དང་། རྐང་བཞི་པའི་རིགས་ཐམས་ཅད་དང་། ས་ལ་རྒྱུ་བའི་ལྟོ་འགྲོ་སྲིན་བུའི་རིགས་ཐམས་ཅད་དང་། འདབ་ཆགས་ཀྱི་རིགས་ཐམས་ཅད་དང་། གཤོག་ལྡན་གྱི་བྱ་ཆེ་ཆུང་མ་ལུས་པ་ཞུགས་སོ། ༡༥ སྲོག་གི་དབུགས་དང་ལྡན་པའི་སེམས་ཅན་ཐམས་ཅད་ལས་གཉིས་གཉིས་ནོ་ཨའི་དྲུང་དུ་སྒམ་གྱི་ནང་དུ་ཞུགས་སོ། ༡༦ ཞུགས་པ་རྣམས་དཀོན་མཆོག་གི་བཀའ་བཞིན་དུ་སེམས་ཅན་ཐམས་ཅད་ལས་ཕོ་དང་མོ་ཡོད་པ་དང་། ཡ་ཧོ་ཝཱས་དེའི་རྒྱབ་ལ་སྒོ་བཅད་དོ༎
༡༧ ཡང་ཞག་བཞི་བཅུའི་བར་དུ་ས་རུ་ཆུ་ལོག་བྱུང་སྟེ། ཆུ་འཕེལ་ཏེ་སྒམ་བཏེགས་ཏེ་ས་ལས་བཏེགས་སོ། ༡༨ ཆུ་ཆེན་པོར་གྱུར་ཞིང་ས་རུ་ཤིན་ཏུ་འཕེལ་ཏེ་ཆུའི་ཁ་ལ་སྒམ་ལྡིང་བ་ཡིན། ༡༩ ཡང་ས་རུ་ཆུ་ཤིན་ཏུ་རྒྱ་ཆེ་བ་བྱུང་བས། ནམ་མཁའ་ཐམས་ཅད་ཀྱི་འོག་ཏུ་ཡོད་པའི་རི་མཐོན་པོ་ཀུན་བཀབ་བོ། ༢༠ རི་རྩེ་ལས་ཁྲུ་བཅོ་ལྔ་ཐལ་ཙམ་གྱི་ཆུ་འཕེལ་ཏེ་རི་བོ་རྣམས་བཀབ་པར་གྱུར་ཏོ། ༢༡ དེ་ནས་ས་ལ་ཡོད་པའི་སེམས་ཅན་བྱ་དང་། རྐང་བཞི་པ་དང་། དུད་འགྲོ་དང་། ས་ལ་འགྲོ་བའི་ལྟོ་འགྲོ་སྲིན་བུ་ཐམས་ཅད་དང་། མི་ཐམས་ཅད་ཤི་བ་དང་། ༢༢ སྣ་རུ་སྲོག་གི་དབུགས་ཡོད་པ་ཐམས་ཅད་དང་། སྐམ་ས་ལ་ཡོད་པའི་སེམས་ཅན་ཐམས་ཅད་ཤིའོ། ༢༣ ས་ལ་ཡོད་པའི་སེམས་ཅན་ཐམས་ཅད་ནི་མི་ནས་དུད་འགྲོ་དང་། ལྟོ་འགྲོ་སྲིན་བུ་དང་། ནམ་མཁའི་བྱ་རྣམས་ཀྱི་བར་དུ་མེད་པར་མཛད། དེ་དག་ས་ནས་མེད་པར་སོང་། སྒམ་གྱི་ནང་ན་ནོ་ཨ་དང་། དེ་དང་མཉམ་དུ་ཡོད་པ་འབའ་ཞིག་ལུས་སོ། ༢༤ ཡང་ཞག་བརྒྱ་དང་ལྔ་བཅུའི་བར་དུ་ས་ལ་ཆུ་རྒྱས་པར་གྱུར་ཏོ༎