མི་རྣམས་ས་ལ་འཕེལ་བར་ཚུགས་པ་དང་། བུ་མོ་ཐོབ་པའི་ཚེ།  དཀོན་མཆོག་གི་སྲས་རྣམས་ཀྱིས་བུ་མོ་ལུས་མཛེས་ཤིང་ལྟ་ན་སྡུག་པ་རྣམས་ལ་བལྟས་ནས། དེ་དག་གིས་འདོད་པ་ཐམས་ཅད་ཆུང་མ་བླངས་པས།  ཡ་ཧོ་ཝཱས་འདི་སྐད་དུ། མི་ནི་ཤ་ཡིན་ཏེ་ཉེས་པ་བྱེད་པའི་ཕྱིར་ངའི་སེམས་ཉིད་ཀྱིས་མིའི་ནང་དུ་དུས་རྒྱུན་དུ་ཞལ་ཆེ་མི་གཅད་དོ། དེ་དག་ལ་ད་རུང་ལོ་བརྒྱ་དང་ཉི་ཤུ་ཡོད་པར་བྱ་ཞེས་བཀའ་གནང་ངོ་།  དེའི་ཚེ་ས་ལ་སྟོབས་པོ་ཆེ་རྣམས་ཡོད་པ་དང་། དཀོན་མཆོག་གིས་སྲས་དང་མིའི་བུ་མོ་རྣམས་འབྲེལ་ནས། དེ་དག་ལས་ཆད་པའི་བུ་ནི་སྔོན་གྱི་དུས་སུ་དཔའ་བོར་གྲགས་པའི་མི་རྣམས་བྱུང་བ་ཡིན།
 ཡང་ཡ་ཧོ་ཝཱས་ས་ལ་ཡོད་པའི་མིའི་ངན་སེམས་ཆེན་པོ་དང་། སྙིང་གི་ནང་ན་གྲོས་བྱེད་པའི་བསམ་པ་ཐམས་ཅད་རྟག་ཏུ་ངན་པ་ཁོ་ན་ཡོད་པར་གཟིགས་སོ།  ཡ་ཧོ་ཝཱས་མི་རྣམས་ས་ལས་མཛད་པ་ལ་གཟིགས་ཏེ། ཉིད་ཀྱི་ཐུགས་ལ་འགྱོད་པ་ཞིག་བྱུང་ནས་ཉིད་ཀྱི་དགོངས་པའི་ནང་ན་ཐུགས་འཁྲུགས་སོ།  ཡ་ཧོ་ཝཱས་འདི་སྐད་དུ། ངས་བཀོད་པའི་མི་ས་ལས་མེད་པར་བྱ། མི་མ་ཚད་རྐང་བཞི་པ་དང་། ལྟོ་འགྲོ་སྲིན་བུ་དང་། ནམ་མཁའི་བྱ་རྣམས་མེད་པར་བྱ་བར་འགྱུར། ཅི་ལ་ཞེ་ན། ངས་དེ་དག་གིས་བྱས་པ་ལ་ལྟ་སྟེ་འགྱོད་པའི་སེམས་སྐྱེད་པའི་ཕྱིར་རོ་ཞེས་གསུངས་སོ།  ནོ་ཨ་གཅིག་པུ་ལ་ཡ་ཧོ་ཝཱའི་གཟིགས་པ་ཐོབ་བོ༎
 འདི་ནི་ནོ་ཨའི་ལོ་རྒྱུས་ཡིན། ནོ་ཨས་དཀོན་མཆོག་དང་འགྲོགས་ཏེ་སྤྱོད་པ་བྱེད་པས། དེའི་དུས་སུ་ཡོད་པའི་མིའི་ནང་ནས་ཁོ་དྲང་པོ་དང་ནོངས་མེད་པ་ཞིག་ཡོད་པ་ཡིན། ༡༠ ནོ་ཨས་ཤེམ་དང་ཧམ་དང་ཡ་ཕེད་བྱ་བའི་བུ་གསུམ་ཐོབ་བོ༎
༡༡ ཡང་ས་ཉེས་པས་གང་སྟེ། དཀོན་མཆོག་གི་སྤྱན་སྔར་ས་ནི་ངན་པར་གྱུར་ཏོ། ༡༢ ཡང་དཀོན་མཆོག་གིས་ས་ལ་གཟིགས་ཏེ། ཀྱེ་ཧོ་ས་ལ་ཡོད་པའི་ཤ་ཐམས་ཅད་ཀྱིས་རང་གི་སྤྱོད་པ་ངན་པས་ས་ངན་པར་བསྒྱུར་ཏོ། ༡༣ དེའི་ཚེ་དཀོན་མཆོག་གིས་ནོ་ཨ་ལ། དེ་དག་གིས་བྱས་པའི་ཉེས་པས་ས་བཀང་བས། ཤ་ཐམས་ཅད་ཀྱི་མཐའ་མ་ངའི་མདུན་དུ་བསླེབས་པས། ཀྱེ་ཧོ་ངས་དེ་དག་ས་དང་མཉམ་དུ་མེད་པར་བྱའོ། ༡༤ ཁྱོད་ཀྱིས་ཐང་ཤིང་གི་སྒམ་ཁང་མིག་དང་ལྡན་པ་ཞིག་བྱོས་ལ། ཕྱི་ནང་གཉིས་ལ་བྲག་ཞུན་བསྐུས་ཏེ་སྲ་བར་བྱོས་ཤིག ༡༥ དེ་འདི་ལྟར་བྱེད་དགོས། སྒམ་གྱི་རིང་ཁྱད་ནི་ཁྲུ་སུམ་བརྒྱ། ཞེང་ཁྱད་ནི་ཁྲུ་ལྔ་བཅུ། མཐོ་ཁྱད་ནི་ཁྲུ་སུམ་ཅུ་པ་བཟོ་བར་བྱོས། ཡང་དཀར་ཁུང་ཞིག་སྒམ་ལ་བྱེད་དེ། སྟེང་ནས་ཁྲུ་གཅིག་འོག་ཏུ་བཟོ་བར་གྱིས། ༡༦ ཡང་སྒམ་གྱི་ལོགས་སུ་སྒོ་ཞིག་འདོན་ཏེ་འོག་གི་ཐོག་དང་། བར་གྱི་ཐོག་དང་། སྟེང་གི་ཐོག་བཟོས་ཤིག ༡༧ ལྟོས་ཤིག སྲོག་གི་དབུགས་ཡོད་པའི་ཤ་ཐམས་ཅད་ནམ་མཁའི་འོག་ནས་མེད་པར་བྱེད་པའི་ཕྱིར་ངས་ས་ལ་ཆུ་ལོག་ཡོང་འཇུག་པས། སའི་སྟེང་ན་ཡོད་པ་ཐམས་ཅད་ཤི་དགོས། ༡༨ འོན་ཀྱང་ངའི་ཁ་ཆད་ཁྱོད་དང་བྱེད་དེ། སྒམ་གྱི་ནང་དུ་ཁྱོད་ཞུགས་པ་མ་ཚད་དེ། ཁྱོད་རང་དང་མཉམ་དུ་ཁྱོད་ཀྱི་བུ་རྣམས་དང་། ཁྱོད་ཀྱི་ཆུང་མ་དང་། ཁྱོད་ཀྱི་བུའི་ཆུང་མ་རྣམས་འཇུག་དགོས། ༡༩ ཡང་སྲོག་དང་ལྡན་པའི་ཤ་ཐམས་ཅད་ཀྱི་རིགས་རེ་རེ་ལས་གཉིས་གཉིས་སྒམ་གྱི་ནང་དུ་ཁྲིད་ཅིག དེ་ཅིའི་ཕྱིར་ཞེ་ན། དེ་དག་ཁྱོད་དང་མཉམ་དུ་སྲོག་གསོ་བའི་ཕྱིར་ཕོ་མོ་གཉིས་ཡོད་པར་དགོས། ༢༠ བྱ་རྣམས་རང་རང་གི་རིགས་བཞིན་དུ་དང་། རྐང་བཞི་པ་རྣམས་རང་རང་གི་རིགས་བཞིན་དུ་དང་། སའི་ལྟོ་འགྲོ་སྲིན་བུ་ཐམས་ཅད་རང་རང་གི་རིགས་བཞིན་དུ་སྲོག་གསོ་བའི་ཕྱིར་དེ་ཐམས་ཅད་ལས་གཉིས་གཉིས་ཁྱོད་ཀྱི་མདུན་དུ་འཇུག་དགོས། ༢༡ ཡང་ཁྱོད་རང་གིས་ཟ་བར་རུང་བའི་ཁ་ཟས་ཐམས་ཅད་ལས་བློངས་ཤིག ཁྱོད་དང་དེ་དག་གི་ཁ་ཟས་ཀྱི་ཕྱིར་སྡུས་ཏེ་སོགས་ཤིག་ཅེས་བཀའ་སྩལ་ཏོ། ༢༢ ནོ་ཨས་དེ་བཞིན་དུ་བྱས་པ་དང་། དཀོན་མཆོག་གིས་ཅི་དང་ཅི་བཀའ་གནང་བ་བཞིན་དུ་སྒྲུབ་པར་བྱས་སོ༎