འདི་ནི་ཨ་དམ་གྱི་རིགས་བརྒྱུད་ཀྱི་མདོ་ཡིན་ནོ། དཀོན་མཆོག་གིས་མི་ནི་འགོད་པའི་ཞག་ལ། ཁོང་གིས་དཀོན་མཆོག་གི་དབྱིབས་བཞིན་དུ་བཀོད་པ་ཡིན།  སྐྱེས་པ་དང་བུད་མེད་བཀོད་ནས་བྱིན་རླབས་མཛད་དེ། བཀོད་པའི་ཞག་ལ་དེ་དག་གི་མིང་ཨ་དམ་བཏགས་སོ།  ཡང་ཨ་དམ་ལོ་བརྒྱ་དང་སུམ་ཅུ་ལོན་ནས། རང་གི་དབྱིབས་ལྟར་དང་རང་གི་འདྲ་དཔེ་བཞིན་དུ་ཁོ་ལ་བུ་ཞིག་ཆད་དེ། དེའི་མིང་ཤེད་བཏགས་སོ།  ཨ་དམ་ལས་ཤེད་ཆད་ནས་ཡང་ལོ་བརྒྱད་བརྒྱ་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ།  དེ་ལྟར་ཨ་དམ་གསོན་པོར་གནས་པའི་ཚེ་ཚད་ལོ་དགུ་བརྒྱ་དང་སུམ་ཅུ་ཙམ་དུ་ཕྱིན་ཏེ་ཤིའོ༎
 ཡང་ཤེད་ལོ་བརྒྱ་དང་ལྔ་ལོན་ནས་ཨེ་ནོས་ཆད་པ་དང་།  ཤེད་ལས་ཨེ་ནོས་ཆད་ནས་ལོ་བརྒྱད་བརྒྱ་དང་བདུན་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ།  དེ་ལྟར་ཤེད་ཀྱི་ཚེ་ཚད་ལོ་དགུ་བརྒྱ་དང་བཅུ་གཉིས་ཙམ་དུ་ཕྱིན་ཏེ་ཤིའོ༎
 ཡང་ཨེ་ནོས་ལོ་དགུ་བཅུ་ལོན་ནས། ཀེ་ནན་ཆད་པ་དང་། ༡༠ ཀེ་ནན་ཆད་ནས་ཨེ་ནོས་ལོ་བརྒྱད་བརྒྱ་དང་བཅོ་ལྔ་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ། ༡༡ དེ་ལྟར་ཨེ་ནོསཀྱི་ཚེ་ཚད་ལོ་དགུ་བརྒྱ་དང་ལྔ་ཙམ་དུ་ཕྱིན་ཏེ་ཤིའོ༎
༡༢ ཡང་ཀེ་ནན་ལོ་བདུན་ཅུ་ལོན་ནས། མ་ཧ་ལཱ་ལེ་ཨེལ་ཆད་པ་དང་། ༡༣ མ་ཧ་ལཱ་ལེ་ཨེལ་ཆད་ནས་ཀེ་ནན་ལོ་བརྒྱད་བརྒྱ་བཞི་བཅུ་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ། ༡༤ དེ་ལྟར་ཀེ་ནན་གྱི་ཚེ་ཚད་ལོ་དགུ་བརྒྱ་དང་བཅུ་ཙམ་དུ་ཕྱིན་ཏེ་ཤིའོ༎
༡༥ ཡང་མ་ཧ་ལཱ་ལེ་ཨེལ་ལོ་དྲུག་ཅུ་རེ་ལྔ་ལོན་ནས་ཡེ་རེད་ཆད་དོ། ༡༦ ཡེ་རེད་ཆད་ནས་མ་ཧ་ལཱ་ལེ་ཨེལ་ལོ་བརྒྱད་བརྒྱ་དང་སུམ་ཅུ་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ། ༡༧ དེ་ལྟར་མ་ཧ་ལཱ་ལེ་ཨེལ་གྱི་ཚེ་ཚད་ལོ་བརྒྱད་བརྒྱ་དང་དགུ་བཅུ་གོ་ལྔ་ཙམ་ཕྱིན་ཏེ་ཤིའོ༎
༡༨ ཡང་ཡེ་རེད་ལོ་བརྒྱ་དང་དྲུག་ཅུ་རེ་གཉིས་ལོན་ནས། ཧེ་ནོག་ཆད་པ་དང་། ༡༩ ཧེ་ནོག་ཆད་ནས་ཡེ་རེད་ལོ་བརྒྱད་བརྒྱ་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ། ༢༠ དེ་ལྟར་ཡེ་རེད་ཀྱི་ཚེ་ཚད་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་གཉིས་ཙམ་དུ་ཕྱིན་ཏེ་ཤིའོ༎
༢༡ ཧེ་ནོག་ལོ་དྲུག་ཅུ་རེ་ལྔ་ལོན་ནས་མ་ཐུ་ཤ་ལཱ་ཆད་དོ། ༢༢ ཡང་ཧེ་ནོག་གིས་དཀོན་མཆོག་དང་འགྲོགས་ཏེ་སྤྱོད་པ་བྱས་པ་ཡིན། མ་ཐུ་ཤ་ལཱ་ཆད་ནས་ལོ་སུམ་བརྒྱ་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ། ༢༣ དེ་ལྟར་ཧེ་ནོག་གི་ཚེ་ཚད་ལོ་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ཙམ་དུ་ཕྱིན་ཏོ། ༢༤ ཡང་ཧེ་ནོག་གིས་དཀོན་མཆོག་དང་འགྲོགས་ཏེ་སྤྱོད་པ་སྤྱད་ནས། དཀོན་མཆོག་གིས་ཁོ་ས་ནས་བསྣམས་པར་མཛད་པས། མི་མཐོང་བར་གྱུར་ཏོ༎
༢༥ ཡང་མ་ཐུ་ཤ་ལཱ་ལོ་བརྒྱ་དང་བརྒྱད་ཅུ་གྱ་བདུན་ལོན་ནས་ལ་མེག་ཆད་པ་དང་། ༢༦ ལ་མེག་ཆད་ནས་མ་ཐུ་ཤ་ལཱ་ལོ་བདུན་བརྒྱ་དང་བརྒྱད་ཅུ་གྱ་གཉིས་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ། ༢༧ དེ་ལྟར་མ་ཐུ་ཤ་ལཱ་ཡི་ཚེ་ཚད་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་དགུ་ཙམ་དུ་ཕྱིན་ཏེ་ཤིའོ༎
༢༨ ཡང་ལ་མེག་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ལོན་ནས། བུ་ཞིག་ཆད་དེ། ༢༩ དེའི་མིང་ལ་ནོ་ཨ་ཞེས་བཏགས་སོ། ཅི་ལ་ཟེར་ན། ཡ་ཧོ་ཝཱས་དམོད་པ་བོར་བའི་ས་ཡིས་ང་ཅག་གི་ལག་པ་ལ་ལས་དང་སྡུག་བསྔལ་བྱུང་བས། འདིས་ནི་ང་ཅག་གི་སེམས་གསོ་བར་འགྱུར་རོ་ཞེས་ཟེར་བའི་ཕྱིར་རོ། ༣༠ ནོ་ཨ་ཆད་ནས་ལ་མེག་ལོ་ལྔ་བརྒྱ་དང་དགུ་བཅུ་གོ་ལྔ་སོས་པ་དང་། བུ་དང་བུ་མོ་རྣམས་ཆད་དོ། ༣༡ དེ་ལྟར་ལ་མེག་གི་ཚེ་ཚད་ལོ་བདུན་བརྒྱ་དང་བདུན་ཙམ་དུ་ཕྱིན་ཏེ་ཤིའོ༎
༣༢ ཡང་ནོ་ཨ་ལ་ལོ་ལྔ་བརྒྱ་ལོན་ནས་ཤེམ་དང་ཧམ་དང་ཡ་ཕེད་གསུམ་ཆད་དོ༎