༡༨
སོ་སོར་སྡོད་པས་རང་གི་འདོད་པ་ལ་སྙེགས་ཤིང་། རིག་པ་ཀུན་དང་རྩོད།༢ བླུན་པོས་རང་གི་སྙིང་སྟོན་པ་མ་གཏོགས་པར། རིག་པ་ལ་མི་དགའ།
༣ སྡིག་སྤྱོད་སླེབ་སར་ངོ་ཚའང་སླེབ། གཏམ་ངན་མཉམ་སྨད་སྒྲའང་འབྱུང་།
༤ མིའི་ཁའི་གཏམ་དང་ཆུ་གཏིང་ཟབ་པ་འདྲ། ཤེས་རབ་ཀྱི་ཆུ་མིག་དང་འབྲུབ་པའི་གྲོག་པོ་འདྲ།
༥ སྡིག་སྤྱོད་ཀྱི་ངོ་ལ་ལྟ་བའང་མི་ལེགས། གཤགས་ནང་ཆོས་དྲང་པོ་རྡབ་པའང་མི་ལེགས།
༦ གླེན་པའི་མཆུས་འཛིང་འཁྲབ་སློང་། དེའི་ཁས་འགྲམ་ལྕག་ཉོ།
༧ གླེན་པའི་ཁས་རང་འཕུང་དུ་འཇུག དེའི་མཆུ་ནི་དེ་རང་གི་སེམས་ཀྱི་རྙིའོ༎
༨ ཤུབ་བུར་ཟེར་བའི་གཏམ་ནི་ཁམ་བུ་ཞིམ་པ་སྟེ། དེ་དག་གྲོད་པའི་ཕུགས་སུ་འཇུག
༩ རང་གི་ལས་ནང་ལེ་ལོ་བྱེད་པ་ནི་ཆུད་གཟོན་གྱི་ནུ་བོ་ཡིན།
༡༠ ཡ་ཧོ་ཝཱའི་མཚན་ནི་རྫོང་བཙན་པོ་སྟེ། ཆོས་དྲང་པོ་དེར་རྒྱུག་ཅིང་ཉེ་ཞོ་མེད་པར་གནས།
༡༡ མི་ཕྱུག་པོའི་ནོར་ནི་དེའི་གྲོང་ཁྱེར་བཙན་པོ་སྟེ། དེས་ནོར་ནི་ལྕགས་རི་མཐོ་བ་ལྟར་རྩི།
༡༢ མ་འཕུང་གོང་དུ་མིའི་སྙིང་ང་རྒྱལ་གྱིས་སྙེམས། བཀུར་སྟི་ལས་སྔོན་དུ་གུས་སེམས་སྐྱེད།
༡༣ ཐོས་མ་ཟིན་གོང་དུ་ལན་འདེབས་པ་ནི། གཏི་མུག་དང་ངོ་ཚ་རྒྱུ་སྟེ།
༡༤ མིའི་སེམས་ཀྱིས་རང་གི་ཉམས་ང་བ་བཟོད་ཀྱང་། སེམས་ཆག་པ་སུས་སྲན་པར་ནུས།
༡༥ དྲང་པོའི་སྙིང་གིས་ཡེ་ཤེས་རྙེད། མཁས་པའི་རྣ་བས་ཤེས་རབ་ལ་འདུན།
༡༦ གཟིགས་རྟེན་གྱིས་མི་ལ་གནས་ས་ཤོམ་ཞིང་། མི་ཆེན་དག་གི་དྲུང་དུ་སྐྱེལ།
༡༧ སྔོན་དུ་རང་གི་རྒྱུ་རྐྱེན་འཆད་པ་དྲང་པོ་འདྲ་སྣང་རུང་། རྗེས་སུ་དེའི་ཁྱིམ་མཚེས་པ་འོང་སྟེ་ཤན་འབྱེད་དོ༎
༡༨ རྟགས་རིལ་གྱིས་འཁྲུག་པ་བར་དུ་གཅོད་ཅིང་། སྟོབས་པོ་ཆེའི་བར་དུ་འཛུལ་ཞིང་སོ་སོར་འཕྲལ།
༡༩ གྲོང་ཁྱེར་བཙན་པོ་ཞིག་ལེན་པ་ལས། སེམས་སྣད་པར་གྱུར་པའི་སྤུན་དང་སྡུམ་པ་དཀའ། དེ་དག་གི་རྩོད་གླེང་མཁར་གྱི་སྒོ་གཏན་དང་མཚུངས།
༢༠ ཁའི་འབྲས་བུ་ལས་མི་རང་གི་གྲོད་པ་འགྲང་ཞིང་། མཆུའི་འཕེལ་གྱིས་ཆོག་པར་འགྱུར།
༢༡ ཤི་གསོན་གཉིས་པོ་ལྕེའི་དབང་དུ་ཡོད། གདུང་བ་དག་གིས་འབྲས་བུའང་ཟ་བར་འགྱུར།
༢༢ ཆུང་མ་རྙེད་པ་ནོར་བཟང་པོ་རྙེད་པ་སྟེ། ཡ་ཧོ་ཝཱ་ལས་བཀའ་དྲིན་རྙེད་དོ༎
༢༣ དབུལ་བས་བཅོལ་ན་ཡང་ཕྱུག་པོས་ཚིག་རྩུབ་སྨྲ།
༢༤ རང་འཕུང་འཇུག་པའི་ཕྱིར། མཛའ་གྲོགས་མང་མང་བྱེད། སྤུན་ཟླ་བས་ཉེ་བའི་མཛའ་གྲོགས་ཀྱང་ཡོད༎