དཱ་བིད་སྐུ་གཤེགས་པའི་དུས་ཉེ་བས། རང་གི་སྲས་ཤ་ལོ་མོ་ལ་ཞལ་ཆེམས་བཞག་ཅིང་ན་རེ།  བདག་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ལམ་དུ་འགྲོ་བས། ཁྱོད་སྟོབས་དང་ལྡན་པར་གྱུར་ཅིག རང་ཁྱོ་ག་གྱིས་ཤིག  ཡ་ཧོ་ཝཱ་རང་གི་དཀོན་མཆོག་གིས་བཀའ་སྩལ་བ་ཐམས་ཅད་ལ་ནན་ཏན་བྱེད་ཅིང་། ཁོང་གི་གཤེགས་ལམ་ན་འགྲུལ་བ་དང་། ཁོང་གི་སྤྱད་མཚམས་རྣམས་དང་། བཀའ་རྒྱ་རྣམས་དང་། དཔང་མཛད་པ་ནང་བཞིན་སྤྱོད་པའི་ཕྱིར། མོ་ཤེའི་མདོའི་ནང་ན་བྲིས་པ་ཡིད་ལ་ཆོང་ཞིག་དང་། ཁྱོད་གང་དུ་ཕྱོགས་ཀྱང་། དོན་བགྲུབ་པར་འགྱུར་རོ།  ཡ་ཧོ་ཝཱས་བདག་ལ། ཇི་སྟེ་ཁྱོད་ཀྱི་བུ་བརྒྱུད་ཀྱིས་རང་གི་ལམ་ལ་ཞིབ་ཏུ་ལྟ་ཞིང་། རང་གི་སྙིང་ཚང་མ་དང་སེམས་ཚང་མ་ནས་ངའི་མདུན་དུ་སེམས་དྲང་པོར་འགྲུལ་ན། ཁྱོད་ཀྱི་བུ་བརྒྱུད་ཨིས་ར་ཨེལ་གྱི་རྒྱལ་ཁྲི་ལས་ནམ་ཡང་འབྲལ་བར་མི་འགྱུར་རོ། ཞེས་བདག་གི་སྐོར་དུ་གསུངས་པའི་ཁོང་ཉིད་ཀྱི་བཀའ་ལ་ཆ་འཇོག་ཏུ་ཆུག་ཅིག  དེའང་ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་ཀྱིས་ང་དང་། ཨིས་ར་ཨེལ་གྱི་དམག་དཔོན་ནེར་གྱི་བུ་ཨབ་ནེར་དང་། ཡེ་ཐེར་གྱི་བུ་ཨ་མ་སཱ་གཉིས་ལ་ཇི་ལྟར་བྱས་པ་ཁྱོད་ལ་ཆ་ཡོད། ཁོས་བཟང་སྒྲིག་གི་དུས་སུ་དམག་འཐབ་ཀྱི་ཁྲག་ཕོས་ཏེ། དེའི་རྐེད་པ་ལ་བཅིང་བའི་སྐ་རགས་དང་། དེའི་རྐང་པར་གོན་པའི་ལྷམ་རྣམས་འཐབ་མོའི་ཁྲག་བསྐུས་བ་ཡིན།  དེ་བས་ན་ཁྱོད་ཀྱིས་རང་གི་རིག་པ་བཞིན་དུ་བྱེད་ཅིང་། ཁོའི་མགོ་དཀར་དེ་ནི་ཞི་བདེ་བར་དུར་ཁུང་དུ་འགྲོར་མ་ཆུག་ཅིག  འོན་ཀྱང་གིལ་ཨད་པ་བར་ཟིལ་ལཱ་ཨི་ཡི་བུ་རྣམས་ལ་དྲིན་བྱེད་ཅིང་། ཁྱོད་ཀྱི་གསོལ་ལྕོག་ལས་ཁ་ཟས་ཟ་བ་རྣམས་ཀྱི་ཁྲོད་དུ་སྲེས་ཤིག གང་ལ་ཞེ་ན། ཁྱོད་ཀྱི་སྤུན་ཨབ་ཤ་ལོམ་གྱི་རྐྱེན་གྱིས་ང་བྲོས་སྐབས་སུ། དེ་དག་ངའི་མདུན་དུ་འོངས་པའི་ཕྱིར་རོ།  ཡང་ལྟོས་ཤིག བ་ཧུ་རིམ་ཡུལ་གྱི་བེན་ཡ་མིན་པ་གེ་རཱ་ཡི་བུ་ཤི་མེ་ཨི་བྱ་བ་ཁྱོད་དང་མཉམ་ཡོད། ང་མ་ཧ་ནཱ་ཨིམ་དུ་འགྲོ་བའི་དུས་སུ། ཁོས་ང་ལ་དམོད་མོ་བཏབ་སྟེ། ཡོར་དན་གྱི་མདུན་དུ་ང་ལ་བསུར་འོངས་པས། ངས་ཡ་ཧོ་ཝཱ་དཔང་དུ་བཙུག་ནས། རལ་གྲིས་ཁྱོད་གསོད་པར་མི་བྱའོ་སྨྲས་མོད།  ཁོ་ནོངས་མེད་དུ་མ་སེམས་ཤིག ཁྱོད་བློ་གྲོས་ཅན་གྱིས་མི་ཡིན་པས། དེ་ལ་ཇི་ལྟར་བྱེད་དགོས་པ་ཁྱོད་ཀྱིས་ཤེས་ཏེ། དེའི་མགོ་དཀར་ནི་ཁྲག་གིས་ཚོས་སུ་བཅུག་ནས། དུར་ཁུང་དུ་ཕོབ་ཅིག ཅེས་བསྐུལ་ཏོ༎
༡༠ དེ་ནས་དཱ་བིད་རང་གི་ཕ་མེས་དང་ལྷན་ཅིག་ཏུ་གཟིམས་པ་དང་། དཱ་བིད་ཀྱི་གྲོང་ཁྱེར་ན་དུར་དུ་བཙུད་དོ། ༡༡ དཱ་བིད་ཀྱིས་ཨིས་ར་ཨེལ་ལ་སྲིད་བསྐྱངས་པའི་དུས་ཀྱི་ཚད་ནི་ལོ་ངོ་བཞི་བཅུ་ཐམ་པ་སྟེ། ཧེབ་རོན་དུ་ལོ་བདུན་དང་། ཡེ་རུ་ཤ་ལེམ་དུ་ལོ་སུམ་ཅུ་སོ་གསུམ་རྒྱལ་སྲིད་བསྐྱངས་སོ། ༡༢ དེ་ནས་ཤ་ལོ་མོས་རང་གི་ཡབ་དཱ་བིད་ཀྱི་རྒྱལ་ཁྲི་འཛིན་ཞིང་། དེའི་ཆབ་སྲིད་རབ་ཏུ་བརྟན་པོར་གྱུར་ཏོ༎
༡༣ ཡང་ཧ་གིད་ཀྱི་བུ་ཨ་དོ་ནི་ཡཱཤ་ལོ་མོའི་ཡུམ་བད་ཤེ་བཱའི་དྲུང་དུ་འོངས་པ་དང་། མོས་དེ་ལ། ཁྱོད་བཟང་ལུགས་སུ་འོང་ངམ། ཞེས་དྲིས་པའི་ལན་དུ་དེས། བཟང་ལུགས་སུ་འོང་ངོ་ཞེས་སྨྲས་སོ། ༡༤ ཡང་དེས། ངས་ཁྱེད་ལ་ཞུ་རྒྱུ་ཞིག་ཡོད་སྨྲས་པས། མོས། སྨྲོས་ཤིག་ཅེས་ཟེར་ཏོ། ༡༥ དེ་ན་རེ། རྒྱལ་སྲིད་ནི་ངའི་ཡིན་པ་དང་། ངས་སྲིད་འཛིན་དུ་ཨིས་ར་ཨེལ་པ་ཐམས་ཅད་ཀྱི་ངོ་ངའི་ཕྱོགས་སུ་ཡོད་པ་ནི་ཁྱེད་ཀྱིས་མཁྱེན་ནོ། འོན་ཀྱང་རྒྱལ་སྲིད་ནི་ཕྱིར་ལོག་ནས། ཡ་ཧོ་ཝཱའི་ཐུགས་དགོངས་བཞིན་དུ་ངའི་སྤུན་ལ་བརྙེད་དོ། ༡༦ ད་ལྟ་ངས་ཁྱེད་ལ་ཞུ་བ་ཞིག་འབུལ་བས། མིན་མ་གསུངས་ཞིག་ཅེས་ཞུས་ནས། དེས་སྨྲོས་ཤིག་བྱས་པའི་ལན་དུ། ༡༧ ཁོ་ན་རེ། རྒྱལ་པོ་ཤ་ལོ་མོས་ཁྱེད་ལ་མིན་མི་གསུང་བར་ངེས་ཏེ། ཤུ་ནེམ་མ་ཨ་བི་ཤག་ང་ལ་བག་མར་གནང་བའི་ཞུ་བ་འབུལ་བའི་ཐུགས་རྗེས་གཟིགས། ཞུས་པ་དང་། ༡༨ བད་ཤེ་བཱས་དེ་ལ། ལེགས་སོ། ངས་ཁྱོད་ཀྱི་དོན་དུ་རྒྱལ་པོ་ལ་ཞུ་བར་བྱའོ། ཞེས་སྨྲས་ནས།
༡༩ བད་ཤེ་བཱ་་ཨ་དོ་ནི་ཡཱའི་ཆེད་དུ་ཞུ་བ་འབུལ་བར་རྒྱལ་པོ་ཤ་ལོ་མོའི་དྲུང་དུ་ཕྱིན་པ་དང་། རྒྱལ་པོས་མོ་ལ་བསུ་བར་བཞེངས་ཏེ། དབུ་རྒུས་ནས། སླར་རྒྱལ་ཁྲིར་བཞུགས་སོ། དེ་ནས་རྒྱལ་པོས་རང་གི་ཡུམ་གྱི་ཕྱིར་བཞུགས་ཁྲི་ཞིག་འཇོག་བཅུག་ནས། མོ་ཁོང་གི་གཡས་སུ་བསྡད་དོ། ༢༠ ངས་ཁྱེད་ལ་ཞུ་བ་ཆུང་ངུ་ཞིག་འབུལ་བས། ཁྱེད་ཀྱིས་ང་ལ་མིན་མ་གསུང་ཞིག་ཞུས་པ་ལས། རྒྱལ་པོས་དེ་ལ། ངའི་ཡུམ་གསུང་བར་མཛོད། ངས་ཁྱེད་ལ་མིན་མི་ཟེར། བྱས་པས་མོ་ན་རེ། ༢༡ ཁྱེད་ཀྱི་སྤུན་ཨ་དོ་ནི་ཡཱ་ལ་ཤུ་ནེམ་མ་ཨ་བི་ཤག་བག་མར་གནོང་ཞིག་ཅེས་ཞུས་པས། ༢༢ རྒྱལ་པོ་ཤ་ལོ་མོས་རང་གི་ཡུམ་ལ་ལན་དུ། ཁྱེད་ཀྱིས་ཨ་དོ་ནི་ཡཱ་ཡི་དོན་དུ་ཤུ་ནེམ་མ་ཨ་བི་ཤག་འབའ་ཞིག་ཞུ་བ་དེ་ཅི་ཡིན། ཁོ་ངའི་ཕུ་བོ་ཡིན་པས། ཁོ་དང་། བླ་མ་ཨབ་ཡ་ཐར་དང་། ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་ཀྱི་ཕྱིར་རྒྱལ་སྲིད་ཀྱང་ཞུས་ཤིག ཅེས་སྨྲས་ནས། ༢༣ རྒྱལ་པོ་ཤ་ལོ་མོས་ཡ་ཧོ་ཝཱའི་མནའ་ཁུར་ཏེ་འདི་སྐད་དུ། ཇི་སྟེ་ཨ་དོ་ནི་ཡཱས་གཏམ་དེ་ནི་རང་གི་སྲོག་ལ་སྡང་ཞིང་སྨྲས་པ་མ་ཡིན་ཚེ། དཀོན་མཆོག་གིས་ང་ལ་ཡང་དེ་བཞིན་དང་། དེ་བས་ལྷག་པར་མཛོད་ཅིག ༢༤ ངའི་རྒྱལ་སྲིད་བརྟན་པོར་བཙུག་མཁན་དང་། ང་ནི་ཡབ་དཱ་བིད་ཀྱི་ཁྲི་ལ་འཇོག་པར་མཛད་མཁན་དང་། ཁོང་གི་ཞལ་བཞེས་བཞིན་དུ་ང་ལ་ཁང་པ་ཞིག་བཞེངས་མཁན་གྱི་ཡ་ཧོ་ཝཱའི་གསོན་པ་ཉིད་དཔང་དུ་འཛུག དེ་རིང་གི་ཉིན་པར་ཨ་དོ་ནི་ཡཱ་སྲོག་དང་འབྲལ་བར་འགྱུར་རོ། ཞེས་སྨྲས་ནས། ༢༥ རྒྱལ་པོ་ཤ་ལོ་མོས་ཡེ་ཧོ་ཡ་དཱའི་བུ་བེ་ནཱ་ཡཱ་མངགས་པ་དང་། དེས་ཁོ་བསད་དེ་ཤིའོ༎
༢༦ དེ་ནས་རྒྱལ་པོས་བླ་མ་ཨབ་ཡ་ཐར་ལ། ཁྱོད་གསོད་འོས་པ་ཡིན་པས། ཨ་ན་ཐོད་ལ་རང་གི་གཞིས་ཀར་སོང་ཞིག ཁྱོད་ཀྱིས་ངའི་ཡབ་དཱ་བིད་ཀྱི་དྲུང་དུ་གཙོ་བོ་ཡ་ཧོ་ཝཱའི་སྒྲོམ་ཁུར་ཏེ། ངའི་ཡབ་ཀྱིས་མྱང་བའི་སྡུག་བསྔལ་ཐམས་ཅད་ཀྱི་ནང་ན་ཁྱོད་ཀྱང་འདྲེས་པས། ད་ལྟ་ངས་ཁྱོད་མི་གསོད་དོ། ཞེས་སྨྲས་ཤིང་། ༢༧ ཤ་ལོ་མོས་ཨབ་ཡ་ཐར་ཡ་ཧོ་ཝཱའི་བླ་མར་མི་ལུས་པའི་ཕྱིར་དུ་བཏོན་ནོ། གང་ལ་ཞེ་ན། ཡ་ཧོ་ཝཱས་ཤི་ལོ་རུ་ཨེ་ལིའི་བརྒྱུད་ཀྱི་ཕྱིར་གསུངས་པའི་བཀའ་དེ་འགྲུབ་པའི་ཕྱིར་རོ༎
༢༨ སྐད་ཆ་དེ་ཡོ་ཨབ་ལ་བྱོར་ནས། ཡོ་ཨབ་ནི་ཡ་ཧོ་ཝཱའི་གུར་མཆོག་ཏུ་བྲོས་ཏེ། མཆོད་ཁྲིའི་རྭ་རྣམས་ལ་འཐམས་ཤིང་བསྡད་དོ། ཡོ་ཨབ་ནི་ཨབ་ཤ་ལོམ་གྱི་ཕྱོགས་པ་མེད་ཀྱང་། ཨ་དོ་ནི་ཡཱ་ཡི་ཕྱོགས་པ་ཡོད་པ་ཡིན། ༢༩ དེ་ནས་དེ་དག་གིས་རྒྱལ་པོ་ཤ་ལོ་མོ་ལ། ཡོ་ཨབ་ནི་ཡ་ཧོ་ཝཱའི་གུར་མཆོག་ཏུ་བྲོས་ནས། མཆོད་ཁྲིའི་མདུན་ལོགས་སུ་འདུག ཅེས་ཞུས་པས། ཤ་ལོ་མོས་ཡེ་ཧོ་ཡ་དཱ་ཡི་བུ་བེ་ནཱ་ཡཱ་ལ། སོང་ལ། ཁོ་གསོད་ཅིག་ཅེས་བཀའ་སྩལ་ཏོ། ༣༠ དེ་ནས་བེ་ནཱ་ཡཱ་ཡ་ཧོ་ཝཱའི་གུར་མཆོག་ཏུ་སོང་ནས་དེ་ལ། རྒྱལ་པོའི་བཀའ་ཡོད་པས་ཕྱིར་ཐོན་ཤོག་ཅེས་སྨྲས་པས། དེས་མི་འཐོན། ང་འདིར་འཆི་བར་འདོད། ཅེས་སྨྲས་པས། བེ་ནཱ་ཡཱ་ཕྱིར་ལོག་ནས་རྒྱལ་པོ་ལ། ཡོ་ཨབ་ཀྱིས་ང་ལ་འདི་ལྟར་གྱི་ལན་བཏབ་བོ་ཞེས་ཞུས་པ་དང་། ༣༡ རྒྱལ་པོས་དེ་ལ། ཁོས་སྨྲས་པ་བཞིན་དུ་གྱིས་ཤིག ཁོ་བསད་ནས་དུར་དུ་ཚུད་ཅིག དེ་ལྟར་བྱེད་ན། ཡོ་ཨབ་ཀྱིས་ནོངས་མེད་པར་ཕོས་པའི་ཁྲག་གི་ལན་དེ་ང་རང་དང་། ངའི་ཡབ་ཀྱི་བརྒྱུད་ནས་མེད་པར་འགྱུར། ༣༢ ཡ་ཧོ་ཝཱས་ཁོའི་ཁྲག་ཕྱིར་ལོག་ཁོ་རང་གི་མགོ་ལ་བླུག་པར་འགྱུར། ངའི་ཡབ་དཱ་བིད་ལ་ཆ་མེད་པར། ཁོས་ནེར་གྱི་བུ་ཨབ་ནེར་་ཨིས་ར་ཨེལ་གྱི་དམག་དཔོན་དང་། ཡེ་ཐེར་གྱི་བུ་ཨ་མ་སཱ་་ཡ་ཧུ་དཱའི་དམག་དཔོན་ལ་སྣོལ་ནས། མི་དེ་གཉིས་ཁོ་རང་ལས་དྲང་པོ་དང་བཟང་པོ་ལགས་ཀྱང་། རལ་གྲིས་བསད་དོ། ༣༣ དེའི་ཕྱིར་དེ་གཉིས་ཀྱི་ཁྲག་ནི་ཡོ་ཨབ་ཀྱི་མགོ་དང་། དེའི་བུ་བརྒྱུད་རྣམས་ཀྱི་མགོ་ལ་རྟག་ཏུ་འབབ་པར་འགྱུར། འོན་ཀྱང་དཱ་བིད་དང་། དེའི་བུ་བརྒྱུད་དང་། དེའི་ཁྱིམ་དང་། དེའི་རྒྱལ་ཁྲིའི་ཕྱོགས་སུ་དུས་རྒྱུན་དུ་ཡ་ཧོ་ཝཱ་ལས་ཞི་བདེ་འབབ་པར་འགྱུར་ཅེས་སྨྲས་སོ། ༣༤ དེ་ནས་ཡེ་ཧོ་ཡ་དཱ་ཡི་བུ་བེ་ནཱ་ཡཱ་ཡར་སོང་ནས། ཁོ་ལ་བརྒོལ་ཏེ་བསད་ནས། ཁོའི་རོ་ནི་དེ་རང་གི་ཁང་པར་འབྲོག་སྟོང་གི་དབུས་སུ་དུར་དུ་བཙུད་དོ། ༣༥ ཁོའི་མལ་དུ་རྒྱལ་པོས་ཡེ་ཧོ་ཡ་དཱ་ཡི་བུ་བེ་ནཱ་ཡཱ་དམག་དཔོན་དུ་བསྐོས་པ་དང་། ཨབ་ཡ་ཐར་གྱི་མལ་དུ་རྒྱལ་པོས་བླ་མ་ཙ་དོག་བསྐོས་སོ༎
༣༦ ཡང་རྒྱལ་པོས་ཤི་མེ་ཨི་འབོད་པར་མི་བཏང་ནས་དེ་ལ། ཁྱོད་ཡེ་རུ་ཤ་ལེམ་དུ་འོངས་ཏེ་ཁང་པ་བརྩིགས་ཏེ། དེར་སྡོད་ཅིག དེ་ནས་གང་དུའང་མ་ཐོན་ཅིག ༣༧ ཁྱོད་ཕྱིར་འཐོན་ཏེ། ཀིད་རོན་གྲོག་པོ་རྒལ་བའི་ཉིན་པར། ཁྱོད་ངེས་པར་འཆི་བར་འགྱུར། དེ་ནས་ཁྱོད་ཀྱི་ཁྲག་ནི་ཁྱོད་རང་གི་མགོ་རུ་འབབ་པར་འགྱུར་རོ། ཞེས་གསུང་པའི་ལན་དུ། ༣༨ ཤི་མེ་ཨི་ཡིས་རྒྱལ་པོ་ལ། གསུང་འདི་བཟང་ངོ་། བདག་གི་ཇོ་བོ་རྒྱལ་པོས་གསུངས་པ་བཞིན་དུ་ཁྱེད་ཀྱི་འབངས་ཀྱིས་སྒྲུབ་པར་བྱའོ། ཞེས་ཞུས་ནས། ཤི་མེ་ཨི་ཡུན་རིང་ཞིག་གི་བར་དུ་ཡེ་རུ་ཤ་ལེམ་དུ་བསྡད་དོ༎
༣༩ ལོ་གསུམ་ལོན་ནས། ཤི་མེ་ཨི་ཡི་བྲན་པོ་རྣམས་ལས་མི་གཉིས་གད་ཀྱི་རྒྱལ་པོ་མ་ཨ་ཀཱ་ཡི་བུ་ཨ་ཀིས་ཀྱི་དྲུང་དུ་བྲོས་སོང་ངོ་། དེ་ནས་མི་རྣམས་ཀྱིས་ཤི་མེ་ཨི་ལ། ལྟོས་ཤིག་ཁྱོད་ཀྱི་བྲན་པོ་གཉིས་གད་ན་འདུག ཅེད་སྦྲན་པ་དང་། ༤༠ ཤི་མེ་ཨི་ལངས་ནས། རང་གི་བོང་བུ་ལ་སྒ་བསྟད་དེ། བྲན་པོ་གཉིས་ཀ་འཚོལ་དུ་ཨ་ཀིས་ཀྱི་དྲུང་དུ་གད་ཡུལ་དུ་སོང་ངོ་། དེ་ལྟར་ཤི་མེ་ཨི་ཕྱིན་ནས། གད་ནས་རང་གི་བྲན་པོ་གཉིས་འཁྱེར་འོངས་སོ། ༤༡ ཤི་མེ་ཨི་ནི་ཡེ་རུ་ཤ་ལེམ་ནས་གད་དུ་སོང་ནས། ཕྱིར་ལོག་པའི་སྐད་ཆ་ཤ་ལོ་མོ་ལ་བྱོར་བ་དང་། ༤༢ རྒྱལ་པོས་ཤི་མེ་ཨི་འབོད་ཕྱིར་མི་བརྫངས་ནས་དེ་ལ། ངས་ཁྱོད་ལ་ཡ་ཧོ་ཝཱའི་མནའ་བཀལ་ཏེ། གང་ཉིན་མོར་ཁྱོད་ཕྱིར་ཐོན་ནས། ཕར་ཚུར་གང་དུ་འགྲོ་བའི་ཉིན་མོར་ཁྱོད་ངོ་ཐོག་འཆི་བར་འགྱུར་ནན་གྱིས་མ་བསྐུལ་ཏམ། ཡང་ཁྱོད་ཀྱིས་ལན་དུ་ང་ལ། ངས་ཐོས་པའི་གཏམ་བཟང་ངོ་། ཞེས་སྨྲས་མོད་ཀྱི། ༤༣ ཁྱོད་ཀྱིས་ཡ་ཧོ་ཝཱའི་མནའ་དང་། ངས་ཁྱོད་ལ་བསྒོ་བའི་བཀའ་དེ་ཅིའི་ཕྱིར་མ་བསྲུངས་པ་ཡིན་སྨྲས་སོ། ༤༤ ཡང་རྒྱལ་པོས་སླར་ཡང་ཤི་མེ་ཨི་ལ། ཁྱོད་ཀྱིས་ངའི་ཡབ་དཱ་བིད་ལ་བྱས་པའི་ངན་ཐམས་ཅད་ཀྱི་ཆ་ཁྱོད་ཀྱི་སྙིང་ལ་རྒྱུས་ཡོད་མཁན་དེ་ཤེས་པས་ན། ཡ་ཧོ་ཝཱས་ཁྱོད་ཀྱི་ངན་དེ་ཕྱིར་ལོག་ཁྱོད་རང་གི་མགོ་ཐོག་ཏུ་འབེབས་པར་འགྱུར། ༤༥ རྒྱལ་པོ་ཤ་ལོ་མོ་བཀྲ་ཤིས་ཤིང་། དཱ་བིད་ཀྱི་རྒྱལ་ཁྲི་ནི་དུས་རྒྱུན་དུ་ཡ་ཧོ་ཝཱའི་དྲུང་དུ་གནས་པར་འགྱུར་རོ་ཞེས་སྨྲས་ནས། ༤༦ རྒྱལ་པོས་ཡེ་ཧོ་ཡ་དཱའི་བུ་བེ་ནཱ་ཡཱ་ལ་བཀའ་གནང་བས། དེ་ཕྱི་རོལ་དུ་ཐོན་ཏེ། ཁོ་ལ་སྣོལ་ཞིང་བསད་དོ། ཡང་རྒྱལ་སྲིད་ཤ་ལོ་མོའི་ཕྱག་ཏུ་འཇགས་པར་གྱུར་ཏོ༎