༢༤
སླར་ཡང་ཡ་ཧོ་ཝཱའི་ཐུགས་ཁྲོ་ཨིས་ར་ཨེལ་གྱི་ཐོག་ཏུ་འབར་བ་དང་། ཁོང་གིས་དཱ་བིད་ཀྱི་སྙིང་ནང་དེ་དག་ལ་སྡང་ཞིང་། ཁོང་གིས་དེ་ལ། ད་སོང་དང་། ཨིས་ར་ཨེལ་དང་ཡ་ཧུ་དཱ་ཡི་གྲངས་རྩིས་ཤིག་ཅེས་སྐུལ་བར་མཛད་དོ། ༢ དེ་ནས་རྒྱལ་པོས་ཁོང་རང་མཉམ་དུ་ཡོད་པའི་དམག་དཔུང་གི་རྗེ་དཔོན་ཡོ་ཨབ་ལ། དཱན་ནས་བེ་ཨེར་ཤེ་བཱ་ཡི་བར་དུ་ཨིས་ར་ཨེལ་གྱི་སྡེ་ཀུན་ཏུ་རྒྱུ་ཞིང་། ངས་མི་གྲངས་ཚོད་པའི་ཕྱིར་འབངས་རྣམས་ཀྱི་གྲངས་རྩི་བར་བྱོས་ཤིག་ཅེས་བཀའ་སྩལ་བས། ༣ ཡོ་ཨབ་ཀྱིས་རྒྱལ་པོ་ལ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ད་ལྟ་ཡོད་པའི་འབངས་རྣམས་བརྒྱ་ལྡབ་མང་དུ་མཛོད་ཅིག་དང་། ངའི་ཇོ་བོ་རྒྱལ་པོའི་སྤྱན་གྱིས་མཐོང་བར་ཤོག་ཅིག འོན་ཀྱང་ངའི་ཇོ་བོ་རྒྱལ་པོས་འདི་ལ་ཐུགས་མཉེས་པ་དེ་ཅི་ལགས་ཤེས་ཞུས་ཀྱང་། ༤ རྒྱལ་པོའི་བཀའ་ནི་ཡོ་ཨབ་དང་། དམག་དཔོན་རྣམས་ཀྱི་ཐོག་ཏུ་དབང་ཆེར་སོང་བས། ཡོ་ཨབ་དང་དམག་དཔོན་རྣམས་རྒྱལ་པོའི་དྲུང་ནས་འབངས་ཀྱི་གྲངས་རྩི་བའི་ཕྱིར་ཐོན་ནོ། ༥ དེ་དག་གིས་ཡོར་དན་བརྒལ་ནས། གད་ཀྱི་ལུང་པ་རུ་ཡོད་པའི་གྲོང་ཁྱེར་ཨ་རོ་ཨེར་གྱི་གཡས་ཕྱོགས་དང་། ཡ་ཟེར་གྱི་ཐད་དུ་གུར་ཕུབ་བོ། ༦ དེ་ནས་གིལ་ཨད་དང་། ཐ་ཐིམ་ཧོད་ཤི་བྱ་བའི་ལུང་པ་རུ་བསླེབས་ནས། དཱན་ཡ་ཨན་དུ་ཕྱིན་པ་དང་། ཚི་དོན་ཡུལ་གྱི་བར་དུ་འཁོར་ཞིང་སོང་ངོ་། ༧ དེ་ནས་ཚོར་བྱ་བའི་རྫོང་དང་། ཧི་ཝི་པ་དང་ཀ་ན་ཨན་པའི་གྲོང་ཁྱེར་རྣམས་ལ་བསླེབས་ནས། ཡ་ཧུ་དཱ་ཡི་ལྷོ་ཡུལ་དུ་བེ་ཨེར་ཤེ་བཱ་ཡི་བར་དུ་ཐོན་སོང་ངོ་། ༨ དེ་དག་ཡུལ་ཀུན་ཏུ་འཁོར་ནས། ཟླ་བ་དགུ་དང་ཉིན་ཞག་ཉི་ཤུའི་འོག་ཏུ་ཡེ་རུ་ཤ་ལེམ་དུ་ལོག་གོ། ༩ དེར་ཡོ་ཨབ་ཀྱིས་རྒྱལ་པོ་ལ་མི་གྲངས་ཀྱི་ཐོ་ཕུལ་ཏེ། ཨིས་ར་ཨེལ་གྱི་ནང་ན་རལ་གྲི་འཁུར་བའི་ཕོ་ཁྱོ་ག་འབུམ་ཚོ་བརྒྱད་དང་། ཡ་ཧུ་དཱའི་ནང་ན་ཕོ་ཁྱོ་ག་འབུམ་ཚོ་ལྔ་ཐོན་ནོ༎༡༠ མི་གྲངས་བརྩིས་ཟིན་པའི་འོག་ཏུ། དཱ་བིད་ཀྱི་སྙིང་མི་བདེ་བར་སོང་བས། དཱ་བིད་ཀྱིས་ཡ་ཧོ་ཝཱ་ལ། བདག་གིས་བྱས་པའི་ལས་འདི་ཉེས་སྡིག་ཆེན་པོར་གྱུར་ཏོ། ད་ཀྱེ་ཡ་ཧོ་ཝཱ། བདག་གིས་ཤིན་ཏུ་གླེན་པའི་ལུགས་སུ་བྱས་པས། ཁྱེད་ཀྱི་བྲན་པོའི་ཉེས་སྡིག་འདི་ནི་སེལ་བར་མཛོད་ཅིག་ཅེས་གསོལ་ཏོ། ༡༡ སྔ་དྲོར་དཱ་བིད་ལང་དུས་སུ། དཱ་བིད་ཀྱི་མངོན་ཤེས་པ་གད་བྱ་བའི་ལུང་སྟོན་པ་ལ་ཡ་ཧོ་ཝཱའི་བཀའ་བྱུང་སྟེ། འདི་སྐད་དུ། ༡༢ སོང་ལ། དཱ་བིད་ལ། ཡ་ཧོ་ཝཱས་ཁྱོད་ལ་འདི་ན་རེ། ངས་ཁྱོད་ཀྱི་མདུན་དུ་བྱ་བ་གསུམ་འཇོག་པས། དེ་གསུམ་གྱི་ནང་ནས་གཅིག་འདོམས་ཤིག་དང་། ངས་དེ་བཞིན་དུ་ཁྱོད་ལ་བྱའོ་ཞེས་སྦྲོན་པར་བྱོས་ཤིག་གསུངས་པ་དང་། ༡༣ གད་ནི་དཱ་བིད་ཀྱི་དྲུང་དུ་འོངས་ནས་སྦྲོན་ཅིང་དེ་ལ། ཁྱོད་ལ་ལོ་བདུན་གྱི་རིང་དུ་ཡུལ་ཁམས་ན་མུ་གེ་འབྱུང་བར་འདོད་དམ། ཡང་ན་ཁྱོད་ཟླ་བ་གསུམ་གྱི་རིང་དུ་ཁྱོད་རང་གི་དགྲ་བོའི་མདུན་ནས་བྲོས་ཤིང་ཁྱོད་ལ་འདེད་པར་དགོས་སམ། ཡང་ན་ཞག་གསུམ་གྱི་རིང་དུ་ཁྱོད་ཀྱི་ཡུལ་དུ་རིམས་ནད་འབྱུང་བར་དགོས་སམ། ད་བདག་མངགས་པ་ལ་གཏམ་ལན་ཅི་འཁྱེར་བར་དགོས་བསམ་མནོ་ཐོང་ཞིག་ཅེས་སྦྲན་པ་དང་། ༡༤ དཱ་བིད་ཀྱིས་དེ་ལ། བདག་ནི་དཀའ་ལས་ཆེན་པོ་ཞིག་ནང་བསླེབས། ཡ་ཧོ་ཝཱའི་ཐུགས་རྗེ་ཆེ་བས། མིའི་ལག་པར་ལྟུང་བ་བས། ཁོང་གི་ཕྱག་ཏུ་ལྟུང་བ་ལེགས་སོ་ཞེས་ཞུས་པས།
༡༥ སྔ་དྲོ་ནས་ཞག་ཆད་མཛད་པའི་དུས་ཀྱི་བར་དུ་ཡ་ཧོ་ཝཱས་ཨིས་ར་ཨེལ་ནང་དུ་རིམས་ནད་མངགས་པ་དང་། དཱན་ནས་བེ་ཨེར་ཤེ་བཱ་ཡི་བར་དུ་མི་སྡེའི་ནང་ནས་མི་སྟོང་ཕྲག་བདུན་ཅུ་ཚེ་ལས་འདས་སོ། ༡༦ དེ་ནས་ཕོ་ཉ་དེས་ཡེ་རུ་ཤ་ལེམ་མེད་པར་བྱེད་དུ་ཕྱག་བརྐྱངས་པ་དང་། ཡ་ཧོ་ཝཱས་ངན་མཛད་པ་ལས་ཐུགས་འགྱོད་ཅིང་། མི་སྡེ་གསོད་པའི་ཕོ་ཉ་དེ་ལ། འདི་ཀས་ཆོག ལག་པ་སྐུམ་པར་བྱོས་ཤིག་ཅེས་བཀའ་སྩལ་ཏོ། དེའི་ཚེ་ཕོ་ཉ་དེ་ཡེ་བུས་པ་ཨ་རབ་ནཱ་ཡི་གཡུལ་ཐང་གི་ཁར་འགྲེང་ཞིང་ཡོད་པ་ཡིན། ༡༧ མི་སྡེ་གསོད་པའི་ཕོ་ཉ་དེ་མཇལ་བའི་ཚེ་ན། དཱ་བིད་ཀྱིས་ཡ་ཧོ་ཝཱ་ལ་ཞུ་བ་འབུལ་ཞིང་འདི་སྐད་དུ། གཟིགས་ཤིག སྡིག་པ་ནི་བདག་གིས་བྱས་ཏེ། ལས་ངན་བདག་གིས་བྱས་ཀྱིས། ལུག་འདི་དག་གིས་ཅི་བྱས། དེའི་ཕྱིར་བདག་རང་དང་བདག་གི་ཕ་བརྒྱུད་རྣམས་ཀྱི་ཐོག་ཏུ་ཕྱག་འདེགས་པར་མཛོད་ཅིག་ཅེས་ཞུས་སོ༎
༡༨ དེའི་ཉིན་པར་གད་་དཱ་བིད་ཀྱི་དྲུང་དུ་འོངས་ཏེ་དེ་ལ། ཕེབས་ལ། ཡེ་བུས་པ་ཨ་རབ་ནཱ་ཡི་གཡུལ་ཐང་དུ་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཞེངས་ཤིག་ཅེས་བསྐུལ་བས། ༡༩ དཱ་བིད་ཀྱིས་གད་ཀྱིས་བསྒོ་བ་བཞིན་དུ་བྱས་ཏེ། ཡ་ཧོ་ཝཱའི་བཀའ་སྩལ་བཞིན་དུ་ཁོང་དེར་ཕྱིན་ཏོ། ༢༠ དེར་ཨ་རབ་ནཱ་ཡིས་བལྟས་པ་དང་། རྒྱལ་པོ་འཁོར་དང་བཅས་སུ་རང་གི་ཕྱོགས་སུ་འོང་བར་མཐོང་བས། ཨ་རབ་ནཱ་ཐོན་ཏེ། རྒྱལ་པོའི་དྲུང་དུ་ས་ལ་ཁ་འབུབ་ཏུ་བཏུད་དེ། ༢༡ ཨ་རབ་ནཱས། ཕྲན་གྱི་ཇོ་བོ་རྒྱལ་པོ་སྐུ་ཉིད་ཀྱི་བྲན་པོའི་རྩར་ཅི་ལ་བྱོན་པ་ལགས། ཤེས་ཞུས་པས། དཱ་བིད་ཀྱིས། མི་སྡེའི་ནང་ནས་ཡམས་ནད་ཆད་པའི་ཕྱིར། ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཞེང་བར་ཁྱོད་ཀྱི་གཡུལ་ཐང་ཉོ་རུ་འོང་ངོ་ཞེས་སྨྲས་པས། ༢༢ ཨ་རབ་ནཱས་དཱ་བིད་ལ། ཕྲན་གྱི་ཇོ་བོ་རྒྱལ་པོའི་དྲུང་དུ་གང་ལེགས་པ་དེ་བླངས་ནས། མཆོད་པར་ཕུལ་ཞིག གཟིགས་ཤིག སྦྱིན་སྲེག་གི་དོན་དུ་གླང་ཐུག་དང་། བུད་ཤིང་ལ་གཡུལ་ཐང་གི་ཆས་དང་གླང་གི་ཆས་དེ་ཡང་ཡོད་ཅེས་ཞུས་ཤིང་། ༢༣ ཀྱེ་རྒྱལ་པོ། ཨ་རབ་ནཱས་དེ་ཐམས་ཅད་རྒྱལ་པོ་ལ་ཕུལ་ལོ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་ཐུགས་སུ་འབྱོན་པར་ཤོག་ཅེས་རྒྱལ་པོ་ལ་ཞུས་སོ། ༢༤ རྒྱལ་པོས་ཨ་རབ་ནཱ་ལ། དེ་ལྟར་མི་འོང་སྟེ། ངས་དེ་ཐམས་ཅད་ཁྱོད་ལས་རིན་གྱིས་ཉོ་བར་བྱའོ། ངས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་རིན་མེད་དུ་བརྙེད་པའི་སྦྱིན་སྲེག་གི་མཆོད་པ་འབུལ་བར་མི་དགའོ། ཞེས་སྨྲས་ནས། དཱ་བིད་ཀྱིས་གཡུལ་ཐང་དང་གླང་རྣམས་དངུལ་གྱི་ཤེ་ཀེལ་ལྔ་བཅུ་ལ་བླུས་སོ། ༢༥ དེ་ནས་དཱ་བིད་ཀྱིས་དེར་ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བཞེངས་ནས། སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་ཕུལ་བ་དང་། ཡ་ཧོ་ཝཱས་ཡུལ་གྱི་དོན་དུ་ཞུ་བ་བསྐངས་ནས། ཨིས་ར་ཨེལ་གྱི་ནང་ནས་རིམས་ནད་ཆད་པར་གྱུར་ཏོ༎ ༎