༡༧
དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ཐམས་ཅད་སིན་ཟེར་བའི་འབྲོག་སྟོང་ནས་ཆས་པ་དང་། ཡ་ཧོ་ཝཱའི་བཀའ་བཞིན་དུ་ཞག་འགའི་ལམ་ལ་སོང་ནས་རེ་ཕི་དིམ་བྱ་བའི་གནས་ལ་སྒར་བཏབ་སྟེ། མི་སྡེ་ལ་འཐུང་བའི་ཆུ་མེད་དོ། ༢ མི་ཚོགས་དེས་མོ་ཤེ་ལ་བརྒོལ་ཏེ་འཐུང་བའི་ཕྱིར་ང་ཚོ་ལ་ཆུ་ཐོང་ཟེར་ཏོ། མོ་ཤེས་དེ་དག་ལ། ཁྱེད་ཚོས་ང་ལ་ཅི་ལ་རྒོལ། ཡ་ཧོ་ཝཱའི་ཐུགས་ཅིའི་ཕྱིར་སད་པར་བྱེད་ཅེས་སྨྲས་སོ། ༣ མི་ཚོགས་དེར་སྐོམ་གྱིས་གདུངས་ཏེ་མོ་ཤེ་ལ་འབར་ཞིང་། ཁྱོད་ཀྱིས་ངེད་དང་ངེད་ཀྱི་ཕྲུ་གུ་དང་ལུག་ཕྱུགས་སྐོམ་གྲིས་གསོད་པའི་ཕྱིར་དུ་མི་སེར་ཡུལ་ནས་འདི་རུ་ཁྲིད་དོ་ཟེར་ཏོ། ༤ མོ་ཤེས་ཡ་ཧོ་ཝཱ་ལ་འབོད་བསྒྲགས་ཏེ། མི་སྡེ་འདི་ལ་ངས་ཅི་བྱ། དེ་དག་གིས་ང་རྡོ་རུབ་ལ་གཏོང་གྲབས་འདུག་ཞུས་སོ། ༥ ཡ་ཧོ་ཝཱས་མོ་ཤེ་ལ། མི་སྡེའི་སྣ་ལ་སོང་ལ། ཁྱོད་དང་མཉམ་དུ་ཨིས་ར་ཨེལ་གྱི་རྒན་པ་འགའ་ཞིག་དང་། ཁྱོད་ཀྱིས་རང་གི་དབྱུག་པ་ཆུ་ལ་བརྡུངས་པ་དེ་རང་གི་ལག་ཏུ་ཁྱེར་ལ་སོང་ཞིག ༦ ལྟོས་ཤིག ང་དེར་ཧོ་རེབ་རིའི་བྲག་ཅིག་ལ་ཁྱོད་ཀྱི་མདུན་དུ་བཞེངས་བསྡོད་པར་བྱ་བ་དང་། ཁྱོད་ཀྱིས་བྲག་དེ་ལ་རྡུངས་ཤིག་དང་། མི་སྡེས་འཐུང་བའི་ཕྱིར་དེ་ལས་ཆུ་འཐོན་ཡོང་ཞེས་བཀའ་གནང་ངོ་། མོ་ཤེས་ཨིས་ར་ཨེལ་པའི་རྒན་པ་རྣམས་ཀྱི་མིག་གི་མདུན་དུ་དེ་བཞིན་དུ་བྱས་སོ། ༧ ཁོས་གནས་དེའི་མིང་མ་སཱ་དང་མེ་རི་བཱ་བཏགས་སོ། ཅི་ལ་ཟེར་ན། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་དེར་འཁྲབ་པ་དང་། ཡ་ཧོ་ཝཱའི་ཐུགས་སད་ཅིང་ཡ་ཧོ་ཝཱ་ངེད་ཀྱི་དཀྱིལ་དུ་བཞུགས་སམ་མི་བཞུགས་ཟེར་བའི་ཕྱིར་རོ༎༨ དེ་ནས་ཨ་མ་ལེག་པ་ཡོངས་ཏེ། རེ་ཕི་དིམ་ན་ཨིས་ར་ཨེལ་དང་འཐབ་བོ། ༩ ཡང་མོ་ཤེས་ཡོ་ཤུ་ཨ་ལ། རང་ཅག་གི་ཕྱིར་མི་རྣམས་འདམས་ནས་ཨ་མ་ལེག་པ་དང་འཐབ་པ་ལ་སོང་ཞིག སང་ང་ནི་རིའི་རྩེལ་ངའི་ལག་ལ་དཀོན་མཆོག་གི་དབྱུག་པ་དང་བཅས་བསྡད་ཡོང་ཟེར་ཏོ། ༡༠ ཡོ་ཤུ་ཨ་མོ་ཤེས་སྨྲས་པ་བཞིན་དུ་བྱས་ཏེ་ཨ་མ་ལེག་དང་འཐབ་པའི་ཚེ། མོ་ཤེ་དང་ཨ་རོན་དང་ཧུར་རིའི་འབོག་གི་རྩེ་མོར་འཛེགས་སོ། ༡༡ ཡང་འདི་ལྟར་བྱུང་། ནམ་མོ་ཤེས་རང་གི་ལག་པ་བཏེགས་པའི་ཚེ་ཨིས་ར་ཨེལ་རྒྱལ། ནམ་ལག་པ་ཕབ་པའི་ཚེ་ཨ་མ་ལེག་པ་རྒྱལ། ༡༢ ཡང་མོ་ཤེའི་ལག་པ་ངལ་བས། དེ་དག་གིས་རྡོ་ཞིག་ཁྱེར་ཏེ་དེའི་གཡོག་ལ་བཅུག་པ་དང་། ཁོ་དེ་ལ་བསྡད་ནས། ཨ་རོན་དང་ཧུར་ནི་དེའི་ལག་པ་སྐྱོར་ཏེ་གཅིག་གིས་གཡས་དང་། གཅིག་གིས་གཡོན་ནས་བརྟེན་ནོ། དེ་ལྟར་དེའི་ལག་པ་ཉི་མ་ནུབ་པའི་བར་དུ་བརྟན་པོར་ལུས་སོ། ༡༣ ཡང་ཡོ་ཤུ་ཨས་ཨ་མ་ལེག་པ་དང་དེའི་མི་རྣམས་རལ་གྲིའི་ཁས་བརྡུངས་སོ༎
༡༤ དེ་ནས་ཡ་ཧོ་ཝཱས་མོ་ཤེ་ལ། ངས་ནི་ཨ་མ་ལེག་གི་མིང་ཡང་ནམ་མཁའི་འོག་ནས་རྩ་བ་ནས་གཅོད་པར་བྱ། གཏམ་དེ་དྲན་པའི་ཕྱིར་དཔེ་ཞིག་ཏུ་བྲིས་ཏེ་ཡོ་ཤུ་ཨའི་རྣ་བ་ལ་ཆུག་ཅིག་ཅེས་བཀའ་གནང་ངོ་། ༡༥ ཡང་མོ་ཤེས་མཆོད་ཁྲི་ཞིག་བཟོས་ནས་དེའི་མིང་ཡ་ཧོ་ཝཱ་ངའི་རུ་དར་ཞེས་བཏགས་ཏེ། ༡༦ འོ་ན་ཡ་ཧོ་ཝཱས་དབུ་མནའ་བཞེས་པ་ཡིན། ཡ་ཧོ་ཝཱས་ཨ་མ་ལེག་ལ་མི་རབས་ནས་མི་རབས་སུ་དམག་འདྲེན་པར་འགྱུར་རོ་ཞེས་སྨྲས་སོ༎